ཕྲུ་གུ་ཚང་མ་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བ་བྱས་པ།

​དཔའ་ཤོད་རྫོང་གྲུམ་བུ་ཚིགས་ཆེན་ནད་ཁུལ་གྱི་གནས་སྤོས་མི་སྐྱོང་སྐད་གཉིས་བུ་བཅོལ་ཁང་གི་མཐོང་ཐོས།

ཡོང་ཁུངས། སྤེལ་དུས 2019-12-26

དཔའ་ཤོད་རྫོང་སྤྱི་དར་ཤང་ནི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚད་ཆེ་ཤོས་ཀྱི་ཁུལ་ཞིག་ཡིན་ཞིང་། འདིར་འཚོ་སྡོད་བྱེད་མཁན་མི་རྣམས་ཀྱིས་ཡུལ་དེ་རང་དུ་སྐྱེས་པའི་ཟས་རིགས་ཡུན་རིང་བཟས་པ་ནི་ནད་དེ་རིགས་ཕོག་པའི་རྐྱེན་གཙོ་བོའི་གྲས་ཤིག་རེད། ཕྲུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་ཆེད། དཔའ་ཤོད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་2012ལོའི་ཟླ་5པར། སྤྱི་དར་ཤང་དུ་རྫོང་དེ་ཡོངས་ཀྱི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚད་ཆེ་ཤོས་ཁུལ་གྱི་ཉིན་གང་ལམ་ལུགས་ཀྱི་ཞག་སྡོད་བུ་བཅོལ་ཁང་ཞིག་བཙུགས་ནས་འཐུང་ཆུ་དང་ཟས་རིགས་ལ་བཅོས་སྒྲིག་བྱས་པ་རེད།

བུ་བཅོལ་ཁང་བཙུགས་པའི་ཐོག་མའི་དུས་སུ་བྱིས་པ་98ལས་མེད། ད་ཆ་བུ་བཅོལ་ཁང་དེར་འཛིན་གྲྭ་4དང་། སློབ་མ་ཁྱོན་152(ཞག་སྡོད་སློབ་མ་89) དགེ་རྒན་10 རྒྱབ་ཕྱོགས་ལས་སྒྲུབ་མི་སྣ་13བཅས་ཡོད། བུ་བཅོལ་ཁང་བཙུགས་པའི་ཐོག་མའི་དུས་ནས་ཡོད་པའི་ཚེ་རིང་དབང་མོ་ད་ཆ་བུ་བཅོལ་ཁང་དེའི་ཡོན་ཀྲང་ཡིན་པ་རེད།

“ཕྲུ་གུ་ཚོར་རང་གི་ལས་ཀ་རང་གིས་བྱེད་པའི་གོམས་གཤིས་ཡག་པོ་འཇགས་པར་བྱེད་ཆེད། ང་ཚོས་ལོ་ཅུང་ཆེ་བའི་ཕྲུ་གུ་གཅིག་དང་ལོ་ཆུང་བའི་ཕྲུ་གུ་གཅིག་ལ་མཉམ་དུ་ཕོ་ཁེབས་བསྡུ་རུ་འཇུག་གི་ཡོད། ཁོང་ཚོ་ཉལ་ཁང་ནས་བྲལ་རྗེས་བུ་སྐྱོང་མི་སྣས་གཅིག་གྱུར་ཐོག་ཉལ་ཁྲིའི་ཐོག་གི་ཅ་དངོས་བསྐྱར་དུ་བསྡུ་གསོག་རྒྱག་པ་དང་དེ་ནས་ཉལ་ཁང་ལ་གཙང་སྦྲ་བྱེད་ཀྱི་ཡོད”ཅེས་ཚེ་རིང་དབང་མོས་གསར་འགོད་པར་བཤད་བྱུང་།

བུ་བཅོལ་ཁང་དུ་སྐོར་ལྟ་བྱེད་པར་སྐྱོད་སྐབས། དགེ་རྒན་ཚོས་ཞིབ་ཚགས་ངང་བཟོ་འགོད་བྱས་པའི་རྒྱན་རིས་སྣ་ཚོགས་གང་ས་གང་ནས་མཐོང་རྒྱུ་འདུག སློབ་ཁང་རེ་རེར་བརྗོད་དོན་གཙོ་བོ་གཅིག་ཡོད་པ་མ་ཟད། ད་དུང་བཟོ་འགོད་ཀྱི་ཉམས་འགྱུར་ཡང་འདྲ་ཡི་མི་འདུག་པས་བུ་བཅོལ་ཁང་དེ་དངོས་འབྲེལ་ཕྲུ་གུ་ཚོའི་དགའ་ཚལ་ཞིག་ཡིན་པ་རེད།

སློབ་ཁྲིད་བྱེད་སྒོའི་ཁྲོད་དུ་དགེ་རྒན་ཚོས་ས་གནས་དེ་ག་དང་འཛིན་གྲྭ་དེ་གའི་བྱིས་པར་འཚམ་པའི་སློབ་ཁྲིད་ནང་དོན་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་རང་ཉིད་ཀྱིས་ལག་པ་འགུལ་ནས་སློབ་ཁྲིད་རི་མོ་དང་སློབ་ཁྲིད་ཡོ་བྱད་ལ་སོགས་བཟོས་ཏེ། བུ་བཅོལ་ཁང་གི་ཕྲུ་གུ་ཚོར་ཡིད་དབང་འཕྲོག་པའི་སློབ་ཚན་ཞིག་འཚོག་རྒྱུར་བརྩོན་པ་རེད། དུས་མཚུངས་སུ་ཞབས་བྲོ་དང་། རི་མོ། ལག་ཤེས་བཟོ་རྩལ། དཔེ་དེབ་ལྟ་ཀློག་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ནས་ཕྲུ་གུར་རང་སོ་སོས་དགའ་བའི་སློབ་ཚན་འདེམས་སུ་འཇུག་གི་ཡོད།

ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་ཆེད། བུ་བཅོལ་ཁང་གིས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་པ་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་གཉིས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ནད་གཞི་སྔོན་འགོག་བྱ་ཐབས་དང་ནད་པར་ལྟ་སྐྱོང་བྱེད་སྟངས་སོགས་ཀྱི་ཤེས་བྱ་དུས་བཀག་བཞིན་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག ལོ་རིམ་ཁག་གི་བྱིས་པའི་ལོ་ན་མི་འདྲ་བར་དམིགས་ཏེ། སྒྲུང་ཤོད་པ་དང་འགུལ་རིས་གློག་བརྙན་སྟོན་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་སྔོན་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།

“ང་ཚོས་གྲོང་གསེབ་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། རྒྱུ་ཆ་རང་ས་ནས་བླངས་པའི་ཁར། བེད་སྤྱོད་ཆོག་པའི་རང་བྱུང་ཐོན་ཁུངས་ཡོད་དོ་ཅོག་སྤྱད་དེ་གྲོང་གསེབ་ཀྱི་སློབ་གསོའི་ཁྱད་ཆོས་ལྡན་པའི་ལག་ལེན་གྱི་བྱེད་སྒོ་འཆར་འགོད་བྱས་ཡོད། མྱོང་ལེན་ཁུལ་དུ་ས་བོན་སྣ་ཚོགས་བསྒྲིགས་ནས་བཟོས་པའི་རི་མོ་དང་། དེ་བཞིན་སྔོ་ཚལ་དང་ཤིང་འབྲས་རིགས་དབྱེའི་རི་མོ་སོགས་སྣ་ཚོགས་བཀོད་སྒྲིག་བྱས་ནས་ཕྲུ་གུ་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་གི་ཡོད”ཅེས་དགེ་རྒན་ལི་ཞའོ་ལུང་གིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

ནང་ས་ནས་ཡོང་བའི་དགེ་རྒན་གཅིག་པུ་དེ་ཡིན་པའི་ལི་ཞའོ་ལུང་ལ་ས་ཆ་འདི་ནས་ཁ་འབྲལ་རྒྱུའི་བསམ་བློ་རྩ་བ་ནས་འཁོར་མྱོང་མེད། ཁོང་གིས“ན་ནིང་སློབ་མཐར་ཕྱིན་རྗེས་འདི་གར་ཡོང་ནས་ལས་ཀ་བྱས་པ་ཡིན། འདིར་མགྱོགས་མྱུར་གོམས་འདྲིས་བྱུང་སོང་། ཕྲུ་གུ་ཚོ་དང་མཉམ་དུ་སྐྱིད་པོ་འདུག་པས། ང་ཡང་ལས་ཀ་འདིར་དགའ་པོ་ཡོད”ཅེས་བཤད།

“ང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2018ལོ་ནས་བཟུང་། ང་ཚོའི་བུ་བཅོལ་ཁང་གིས་བསྡུས་པའི་ཕྲུ་གུའི་ནང་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་གཅིག་ཀྱང་མ་བྱུང་། ཕྲུ་གུ་ཚང་མ་བདེ་བདེ་ཐང་ཐང་ངང་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད”ཅེས་ཚེ་རིང་དབང་མོས་བུ་བཅོལ་ཁང་གི་དགེ་རྒན་ཀུན་གྱི་བསམ་ཚུལ་བཤད།


རྩོམ་སྒྲིག་པ།