ཀྲུང་ལོ་འབར་ཐེ་རྒྱལ་ཁབ་བཞིའི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྐྱོང་ཐེངས་89པ་འགོ་ཚུགས་པ།

ཡོང་ཁུངས། སྤེལ་དུས 2019-12-26

ཟླ་12ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་ཀྲུང་གོ་དང་ལོ་སིའི་ཁྲིམས་སྐྱོང་གྲུ་གཟིངས་4ལས་གྲུབ་པའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྐྱོང་དཔུང་རུ་ཀྲུང་གོའི་ཤིས་ཧྲོང་པན་ནཱ་ཅིང་ཧ་གྲུ་ཁ་ནས་ཐོན་པ་དེ་ཐོག་ནས་དུས་ཡུན་ཉིན་བཞི་དང་མཚན་གསུམ་གྱི་ཀྲུང་ལོ་འབར་ཐེ་རྒྱལ་ཁབ་བཞིའི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྐྱོང་ཐེངས་89པའི་བྱ་སྤྱོད་དངོས་སུ་བྱེད་འགོ་ཚུགས་པ་མཚོན་པ་རེད།

བྱ་སྤྱོད་མ་སྤེལ་གོང་དུ་རྒྱལ་ཁབ་བཞིའི་ཁྲིམས་སྐྱོང་སྡེ་ཚན་གྱིས་ཤིས་ཧྲོང་པན་ནཱའི་ཅིང་ཧུང་གྲོང་ཁྱེར་དུ་རིག་གནས་ལུས་རྩལ་སྤེལ་རེས་བྱེད་སྒོ་དང་མཐུན་འབྲེལ་རིག་རྩལ་དགོང་ཚོགས་འཚོགས་ནས། ཕྱོགས་ཁག་གི་ཁྲིམས་སྐྱོང་བའི་དབར་གྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་ཁྲིམས་སྐྱོང་མཉམ་ལས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། ཕྱོགས་བཞི་པོས་ཅིང་ཧུང་དུ་བཀོད་འདོམས་དཔོན་གྱི་མཐུན་འབྲེལ་ཚོགས་འདུ་དང་ལས་དོན་སྤེལ་རེས་ཚོགས་འདུ་འཚོགས་ཏེ། མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཉེ་དུས་ཀྱི་བདེ་འཇགས་དུས་བབ་ལ་མཉམ་དུ་དབྱེ་ཞིབ་བརྡར་གཅོད་བྱས་ཐོག མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་བདེ་འཇགས་ཆ་འཕྲིན་འཚོལ་བསྡུ་དང་། གྲུ་ལམ་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ། རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་མཉམ་དུ་རྡུང་རྡེག་གཏོང་བ་སོགས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་གཅིག་མཐུན་བྱུང་བ་རེད།


རྩོམ་སྒྲིག་པ།