མིང་དོན་མཚུངས་པའི་སྐྱིད་གཤོངས་གྲོང་ཚོ།

—— ས་སྐྱ་རྫོང་སྐྱིད་གཤོངས་གྲོང་ཚོའི་འཕོ་འགྱུར་སྐོར་བཀོད་པ།

ཡོང་ཁུངས། སྤེལ་དུས 2019-12-16

འདི་ནི་སྐྱིད་གཤོངས་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ།

གཞིས་རྩེ་གྲོང་ཁུལ་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་ནུབ་ཕྱོགས་སུ་སྤྱི་ལེ་40ལྷག་ཙམ་བསྐྱོད་ཚེ་ཐོག་སོ་ཉིས་ལྡན་གྱི་ཁང་པ་སྟར་པ་མང་པོ་ཞིག་ལམ་འགྲམ་དུ་ཆགས་པ་དང་། སྐར་ལྔའི་དར་དམར་རླུང་གི་འགྲོས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ། དུད་ཚང་ལ་ཆུ་དང་། གློག དྲ་བ་བཅས་ཚང་མ་ཁྲིད་ཡོད་པ། ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོ་ཁང་དང་ལུས་སྦྱོང་སྒྲིག་ཆས་གང་དགོས་ཚང་མ་ཡོད།

དེ་ནི་ས་སྐྱ་རྫོང་བྲག་གཞུང་ཤང་སྐྱིད་གཤོངས་གྲོང་ཚོ་ཡིན་ཞིང་། དེ་སྔ་གྲོང་ཚོ་དེར“སློང་མོ་བའི་གྲོང་ཚོ”ཞེས་འབོད་པ་སུ་ཞིག་གིས་ཀྱང་ཡིད་ཆེས་མི་སྲིད། ཏང་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་འབད་པ་ཧུར་ལེན་འོག་དེ་སྔའི“སློང་མོ་བའི་གྲོང་ཚོར”འཕོ་འགྱུར་ཆེན་པོ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད།

སྐྱིད་གཤོངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་རྡོ་རྗེས་དྲན་པའི་ངོས་ཀྱི་འདས་དོན་གླེང་བ་སྟེ། 2003ལོར། ས་གནས་འདི་གའི་སྲིད་གཞུང་གིས་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་དང་ས་སྐྱ་རྫོང་གྲོང་ཚོ་ཁག་གི་དུད་ཚང་དབུལ་པོ་སོགས་དུད་ཚང་81ས་སྐྱ་རྫོང་བྲག་གཞུང་ཤང་དུ་གཅིག་གྱུར་ངང་སྤོས་ཏེ་སྐྱིད་གཤོངས་གྲོང་ཚོ་བཙུགས་པ་མ་ཟད། ས་ཞིང་དང་། ཁང་པ། ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་བཅས་བགོས་པ་རེད། སྐྱིད་གཤོངས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཧྲག་ཏུ་བཏང་ནས་གྲོང་ཚོའི་རྣམ་པ་རྦད་དེ་ལེགས་སུ་གཏོང་ཆེད། བྲག་གཞུང་ཤང་ཏང་ཨུད་ཀྱིས་སྐྱིད་གཤོངས་གྲོང་ཚོའི་དོན་དངོས་གཞིར་བཟུང་། འགན་འཁྲི་འཁུར་ཕོད་པ་དང་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་པའི་ཚེ་དབང་རྡོ་རྗེ་སྐྱིད་གཤོངས་གྲོང་ཚོར་མངགས་རྒྱུའི་ཐག་བཅད།

སྐྱིད་གཤོངས་གྲོང་ཚོར་འབྱོར་མ་ཐག་པའི་སྐབས་སུ་དཀའ་ངལ་ཆེན་པོ་ཡོད་པ་མཐོང་སྐབས་ཚེ་དབང་རྡོ་རྗེ་སྐྱོ་སྣང་སྐྱེས་ཤིང་། ཁོང་གིས་འཕྲལ་མར་སྐྱིད་གཤོངས་གྲོང་ཚོའི་གནས་བབ་ལ་འགྱུར་ལྡོག་གཏོང་མ་ཐུབ་ན་ལས་དོན་སྒྲུབ་མཚམས་གཏན་ནས་མི་འཇོག་པའི་སེམས་ཐག་བཅད།

འབབ་འཕར་གྱི་དཀའ་ངལ་སེལ་ཆེད། ཚེ་དབང་རྡོ་རྗེའི་སྣེ་ཁྲིད་འོག་རྒྱལ་ཆུང་གྲོང་ཚོས་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོས་མི་སྣ་སྒྲིག་འཛུགས་ཀྱིས་གཅིག་གྱུར་རྨོ་འདེབས་དང་བརྔ་བསྡུ་བྱས་ནས་ངལ་ནུས་ལྷག་མ་རྣམས་ས་ཞིང་ནས་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་རྒྱུར་ཁྲིད་སྟོན་བྱས་པ་རེད།

“ལས་ཀ་ཡོད་པ་དང་ཡོང་འབབ་ཀྱང་ཡོད་པས་སྒྱིད་ལུག་ཅན་རིམ་གྱིས་ཉུང་དུ་སོང་བ་དང་གླ་པར་འགྲོ་མཁན་རིམ་གྱིས་མང་དུ་སོང་ཡོད”2008ལོར་སྐྱིད་གཤོངས་གྲོང་ཚོས་ངལ་ནུས་ཕྱིར་གཏོང་བྱས་པར་ཁྱོན་ཡོང་འབབ་སྒོར་ཁྲི་10བྱུང་བ་དང་དེ་ནས་ལོ་རེ་བཞིན་རིམ་གྱིས་མང་དུ་སོང་ཡོད་ཅེས་ཚེ་དབང་རྡོ་རྗེས་གསར་འགོད་པར་བརྗོད།

2016ལོར། རྒྱལ་ཡོངས་ཀྱི་གོང་འོག་ཏུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་ཤིང་། སྐྱིད་གཤོངས་གྲོང་ཚོའི་དུད་ཚང་81ཆ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་དང་གྲོང་ཚོ་ཡོངས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཁོངས་སུ་བཅུག་པ་རེད།

དུད་ཚང་དབུལ་པོ་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། ས་སྐྱ་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་རོགས་རམ་འོག སྐྱིད་གཤོངས་གྲོང་ཚོས་སྔ་རྗེས་སུ་སླར་ཡང་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་དང་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་སོགས་བཙུགས།

ལོ་60ལ་སླེབས་པའི་གྲོང་མི་རྡོ་རྗེ་ནི་གྲོང་ཚོའི་འཕེལ་རྒྱས་ཀྱི་དཔང་པོ་ཡིན་ལ་ཕན་པ་ཐོབ་མཁན་ཡང་རེད། ཉེ་བའི་ལོ་གཉིས་ཀྱི་རིང་། སྐྱིད་གཤོངས་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་གི་རོགས་རམ་འོག་རྡོ་རྗེའི་ནང་མི་རྣམས་མངའ་རིས་སུ་གླ་པར་བསྐྱོད་པ་དང་། བུ་རྒན་པ་བསྟན་འཛིན་གྱིས་ཨར་པོའི་ལས་དཔོན་གྱི་འགན་ཁུར་ནས་2018ལོ་ཁོ་ནར་ནང་མི་ཡོངས་ཀྱི་གླ་པ་རྒྱུག་པའི་ཡོང་འབབ་སྒོར་ཁྲི་43ཟིན་ཡོད།

ད་ཆ། སྐྱིད་གཤོངས་གྲོང་ཚོའི་གྲོང་མི་ཚང་མ་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པར་སྤོས་པ་དང་། གཤེར་ཤེལ་བརྙན་འཕྲིན་དང་། སྦག་སྦག WIFIབཅས་ཧ་ལམ་ཐེམ་དུད་ཚང་མར་ཡོད། ཁོམ་པ་ཡོད་དུས་གྲོང་མི་ཚོས་ད་དུང་མེ་ཏོག་འདེབས་པ་དང་ལྕང་མ་འཛུགས་ཀྱི་ཡོད།

2018ལོའི་ལོ་མཇུག་ཏུ། སྐྱིད་གཤོངས་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6204.19ཟིན་ནས་གྲོང་ཚོ་ཡོངས་ཀྱི་དབུལ་པོའི་ཞྭ་མོ་ཕུད་ཡོད།

དབུལ་སྒྲོལ་ཡོང་བར་ལག་གཉིས་ལ་བརྟེན་དགོས་པ་དང་། ཕྱུག་པོ་ཆགས་པར་ཐོན་ལས་གོང་འཕེལ་ལ་བརྟེན་དགོས། སྐྱིད་གཤོངས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་སོང་ནས་མིང་དོན་མཚུངས་པའི་སྐྱིད་པའི་ས་ཆར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།


རྩོམ་སྒྲིག་པ།