ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2019ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་4པ་འཚོགས་པ།

བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཡོང་ཁུངས། སྤེལ་དུས 2019-12-16

 ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2019ལོའི་ལོ་འཁོར་གྱི་ཚོགས་འདུ་ཐེངས་4པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱེད་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། 《གྲོང་གསེབ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》གྱི་དགོངས་དོན་སློབ་སྦྱོང་བཅས་བྱས་པ་མ་ཟད། 2019ལོའི“ཞིང་གསུམ”ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་སྟེ་རང་ལྗོངས་ཀྱི་གྲོང་གསེབ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སྔོན་ཚུད་ནས་འཆར་འགོད་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་སྲོལ་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས”ཞེས་བཏོན་པ་དེས་སླར་ཡང་ལམ་ལུགས་བརྒྱུད་ནས“ཞིང་གསུམ”ལས་དོན་གྱི་གཙོ་གནད་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་གཅིག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་ཟུར་ཚད་ཐོག་ནས་ལས་སྒོའི་ཁོངས་གཏོགས་རང་འགུལ་ངང་ཁས་ལེན་དང་ཁུར་ལེན་ཧུར་ཐག་བྱེད་པ་དང་། རང་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ལས་དོན་གྱི་ལྷན་སྦྱར་འབྲེལ་ཡོད་ལག་བསྟར་བསམ་འཆར་དང་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་བ་དང་འཆར་ཟིན་བཀོད་དེ་གྲོང་གསེབ་ལས་དོན་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ཇུས་ཧུར་ཐག་འདིང་དགོས། གཉིས་ནས་འགག་རྩའི་གནད་དོན་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཐོན་ལས་ཀྱི་ངེས་གནས་ལ་གོ་བ་ཡང་དག་ལེན་པ་དང་། གྲོང་གསེབ་ཐོན་ལས་དར་རྒྱས་ཀྱི་ཐབས་ལམ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གྲོང་གསེབ་ཐོན་ལས་ཀྱི་བཀོད་པ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་སྣ་མང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཏོན་གནང་བའི་ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མ་བྲལ་བ། ལས་ཀ་འཇོན་པ་དང་བྱེད་མཁས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ཐོན་ལས་སྐྱེད་སྲིང་དང་། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་། ཞིང་འབྲོག་པ་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བའི་ཐད་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཐོན་ལས་དང་མང་ཚོགས་ཀྱི་འབབ་འཕར་དབར་གྱི་ཁེ་ཕན་འབྲེལ་མཐུད་བྱེད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་ལ“ཕྱིར་མིག་ལྟ་བའི”ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་མཐོ་རུ་གཏོང་བ་དང་། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པ་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་ཇུས་འགོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་ཆེ་རུ་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་འབོར་ལ་ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ“ཕྱུག་པོ་ཆགས་ཐུབ་པ་དང་། གཞིས་ཆགས་ཐུབ་པ། མཉམ་འདྲེས་ཐུབ་པ”བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་འབོར་དབུལ་པོ་དང་ལྗོངས་ཡོངས་ཀྱི་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ཐུབ་པ་བྱེད་དགོས། བཞི་ནས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་འབྲེལ་འཆར་འགོད་བཟོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

བློ་བཟང་རྒྱལ་མཚན་གྱིས་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ཞིང་འབྲེལ་ལས་དོན་ཁག་ལ་དུས་ཚོད་དམ་འཛིན་བྱས་ནས་ཡག་པོ་སྒྲུབ་པ་དང་དགུན་དཔྱིད་ཀྱི་ཐོན་སྐྱེད་དང་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་དམ་འཛིན་བྱས་ཏེ་འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་སེལ་བ་དང་གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་དང་ཡར་རྒྱས་ལྷུར་ལེན་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཁྲོད་ཀྱི“ཞིང་གསུམ”ལས་དོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།


རྩོམ་སྒྲིག་པ།