བོད་ལྗོངས་སྒེར་རྩེ་རྫོང་གིས་མཐོ་གྲང་འབྲོག་ཁུལ་སྒྱུར་བཅོས་བྱེད་འགོ་ཚུགས་པའི་སྐོར་བཀོད་པ།

ཡོང་ཁུངས། སྤེལ་དུས 2019-12-26

ལོ་ཁོར་མོ་ཡུག་ཏུ་གྲང་ངར་ཆེ་ཞིང་བྱེ་རླུང་འཚུབ་ལ། ས་རྒྱ་ཡངས་ཤིང་མི་འབོར་ཉུང་བའི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4400ཟིན་ཞིང་། ལོ་4ཡི་རིང་། དེ་སྔ་འབྲོག་ལས་ཁོ་ན་གཉེར་བའི་གྲོང་ཚོ་དེས་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་སྲོལ་རྒྱུན་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བས། འབྲོག་ཁུལ་དང་འཚམ་པའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཡོད་པ་རེད།

“ངའི་ཁྱིམ་ལ་ཕྱུགས་ཟོག་མང་པོ་མེད་པས་ཚང་མ་གཉེན་ཉེའི་ཚང་ལ་བཅོལ་ཡོད། ང་ཚོས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད” “གྲོང་ཚོའི་མཉམ་ལས་ཁང་ནང་ཞུགས་རྗེས། ངས་ཉིན་ལྟར་ཕྱུགས་འཚོ་གི་ཡོད། ན་ནིང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བས། མར་མང་པོ་ཉོས་ཆོག” ལོ་32ལ་སོན་པའི་ལྷ་འཛོམས་བཟའ་ཚང་ཁ་བྲལ་ནས་ལོ་མང་རིང་ཁོ་མོ་གཅིག་པུས་བུ་ཕྲུག་གཉིས་ཀ་གསོ་སྐྱོང་བྱས་པ་རེད།

ད་ཆ། ལྷ་འཛོམས་ཀྱིས་ཁྱིམ་ཚང་གསར་པ་བཙུགས་ཡོད། ཁོང་གིས“ད་ཆ་བུ་ཕྲུག་གཉིས་ཀ་སློབ་གྲྭར་འགྲོ་བཞིན་ཡོད། ང་ལ་སེམས་ཁྲལ་གང་ཡང་མེད། འཚོ་བ་ཡང་རིམ་བཞིན་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་བརྗོད།

འཆམ་གུག་གྲོང་ཚོས་2015ལོར་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པར་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་71གི་མི་256ཞུགས་ནས་ཁྱོན་རྩྭ་ས་མུའུ་ཁྲི་3.2བརྒྱུད་བཤུག་བཏང་བ་དང་། ཆ་སྙོམས་མི་རེས་ཕྱུགས་ཟོག་14(ལུག)མ་རྐང་དུ་བཞག་པས་མི་སྒེར་གྱི་མ་རྐང་གིས་40%དང་གྲོང་ཚོ་མཉམ་སྡེབ་ཀྱི་མ་རྐང་གིས་60%བཟུང་ཡོད་པ་རེད།

མཉམ་ལས་ཁང་གི་ཡོང་འབབ་ཀྱི་82%མཉམ་ལས་ཁང་དེའི་ཁོངས་མིར་བགོ་བཤའ་རྒྱག་གི་ཡོད། གྲོང་ཚོ་ཡོངས་ཀྱི་མི་161ཕྱིར་ལས་ཀར་བསྐྱོད་དེ་ངལ་ནུས་ལྷག་མ་བཅིངས་འགྲོལ་ཐོབ་ཡོད། རྩྭ་ས་བརྒྱུད་བཤུག་བཏང་བར་གཉིས་ཁེ་བྱུང་ནས། དུད་ཚང་རེར་ཆ་སྙོམས་ལོ་རེར་བརྒྱུད་བཤུག་མ་དངུལ་སྒོར་3600འདུག 2018ལོར་དུད་ཚང་རེར་སྒོར་ཁྲི་5རེ་བགོ་བཤའ་བརྒྱབ་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2016ལོ་དང་བསྡུར་ན་18.7%འཕར་ཡོད་ཅེས་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་བརྗོད།

ལྷ་འཛོམས་དང་འདྲ་བར་འཚོ་བ་ལེགས་སུ་ཕྱིན་པའི་ཆོས་བཟང་དོན་གྲུབ་འདི་ལོ་ལོ་30ཡིན་པ་དང་། ཁོང་གིས“སྔོན་ཆད་ཚོང་ཙག་ཙིག་བརྒྱབ་ནས་དངུལ་ཏོག་ཙམ་རག་ཚེ་ལམ་སེང་གཏོར་ནས་སྐྱིད་པོར་རོལ་གྱི་ཡོད་པས། ལོ་འདི་ཙམ་ཕྱིན་ཡང་ང་རང་སྔར་བཞིན་དབུལ་རྐྱང་ཡིན”ཞེས་བརྗོད།

གྲོང་ཚོའི་ལས་བྱེད་པ་ཆོས་བཟང་དོན་གྲུབ་ནི་སྤྱང་གྲུང་ལྡན་ཡང་སྙིང་རུས་མེད་པས་ལས་ཀ་གང་བྱས་ཀྱང་མཐར་འཁྱོལ་དཀའ་བ་ཞིག་ཡིན་པ་ཤེས་སྟབས། ཁོ་པ་བཙལ་ནས་སློབ་གསོ་ཐེངས་མང་བརྒྱབ་སྟེ་མཉམ་ལས་ཁང་ནང་ཞུགས་སུ་བཅུག་པ་རེད།

“ད་ཆ་ངས་མཉམ་ལས་ཁང་གི་གཏན་འཇགས་རྒྱུ་ནོར་དོ་དམ་བྱེད་པའི་འགན་འཁུར་གྱི་ཡོད། ཆུང་མ་མཉམ་ལས་ཁང་གི་ཕྱུགས་རྫི་ཡིན་པས། ང་གཉིས་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་འདུག” ལོ་མཇུག་ཏུ་བསླེབས་ཚེ། མཉམ་ལས་ཁང་གི་ཁེ་སྤོགས་ཀྱི་6%དོ་དམ་མི་སྣ་13གྱི་གླ་ཆར་བརྩིས་ནས་སྡེབ་གཅིག་ཏུ་སྤྲོད་ཀྱི་ཡོད། འདི་ལོའི་ཁེ་ཕན་ན་ནིང་ལས་མང་བ་ཡོད་པས་ང་ཚོའི་གླ་ཆ་ཡང་ན་ནིང་ལས་མང་ངེས་རེད་ཅེས་ཆོས་བཟང་དོན་གྲུབ་ཀྱིས་བརྗོད།

འཆམ་གུག་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་བྱས་ནས་ལོ་4རིང་གི་གྲུབ་འབྲས་ལྡན་པའི་ཉམས་མྱོང་དག་གྲོང་ཚོ་གཞན་དག་གིས་སློབ་སྦྱོང་དང་མྱོང་ལེན་བྱས་ཏེ། འབྲོག་ཁུལ་སྒྱུར་བཅོས་བྱེད་འགོ་ཚུགས་ནས་རྫོང་ཡོངས་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་བསྣན་ཡོད་པ་རེད།

ཟླ་11པའི་ཟླ་མཇུག་ཏུ། སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོས་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། མཉམ་ལས་ཁང་གི་འདི་ལོའི་ཕྱུགས་ཟོག་བཙོངས་ཚད་35%ཟིན་ནས་ཡོང་འབབ་སྒོར་ཁྲི་509རག་པ་དང་། གྲོང་ཚོའི་མཉམ་ལས་ཁང་གིས་སྐར་འགོད་ལམ་ལུགས་གཞིར་བཟུང་། མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་1.8(སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཚུད་མེད་པ)བགོ་བཤའ་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ཚྭ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས་དབང་འདུས་ཀྱིས། གྲོང་ཚོ་དེའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་2018ལོའི་ཟླ་བརྒྱད་པར་བཙུགས་ཤིང་། འདི་ལོར་ལུག་1080དང་། ར་1440 ནོར་46བཅས་བཙོངས་པར་ཡོང་འབབ་སྒོར་ཁྲི་187.8རག་ཡོད། མཉམ་ལས་ཁང་ལ་ད་དུང་མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་། ཕྱུགས་ལས་ཐོན་རྫས། ཚོང་ཁང་། ཇ་ཁང་སོགས་ཀྱི་ཡོང་འབབ་ཀྱང་ཡོད། ད་ཆ་གྲོང་ཚོའི་འབྲོག་ལས་གཉེར་སྐྱོང་བྱེད་སྟངས་གསར་པའི་ཕན་འབྲས་ཆེ་རུ་ཕྱིན་པས། སྔོན་ཆད་ཀྱི“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དང་འདུ་ཤེས་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བརྗོད།

སྒེར་རྩེ་རྫོང་གིས་འབྲོག་ཁུལ་སྒྱུར་བཅོས་ནང་ཞུགས་མཁན་ཚོའི་ཡོང་འབབ་མང་དུ་གཏོང་བ་དང་ཆབས་ཅིག སྒྱུར་བཅོས་ཀྱི་ཕན་པ་ཐོབ་རྒྱ་ཆེ་རུ་ཡང་གཏོང་གི་ཡོད། སྒེར་རྩེ་རྫོང་གི་རྫོང་དཔོན་ཀྲོའུ་ཆོན་གྱིས། སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་དུས་འགོའི་2ནས་ད་ཆའི་49བར་མང་དུ་བཏང་བ་དང་བསྟུན་ནས་སྒྱུར་བཅོས་ནང་ཞུགས་མཁན་མི་གྲངས་ཀྱང་དེ་སྔའི་448ནས་ད་ཆའི་11273བར་མང་དུ་ཕྱིན་ཡོད། མཉམ་ལས་ཁང་མང་ཆེ་བས་མི་ཧྲེང་རྒན་རྒོན་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚོར་ཡང་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། མིག་སྔར། རྫོང་ཡོངས་སུ་གཙོ་གནད་དབུལ་སྐྱོར་བྱ་ཡུལ་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་7ཡོད་པར་མང་ཚོགས་དུད་ཚང་1355ཡི་མི་6206ཞུགས་ཡོད་པའི་ཁྲོད་དུད་ཚང་དབུལ་པོ་262ཀྱི་མི་993ཡོད་པ་དང་། མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གི་སྐུལ་ཁྲིད་འོག གྲོང་ཚོ་7ཡོངས་སུ་དབུལ་སྒྲོལ་ཐུབ་ཡོད། 2020ལོར་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་སྔར་བས་རྒྱ་བསྐྱེད་བཏང་ནས། འབྲོག་ལས་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་བྱུང་།


རྩོམ་སྒྲིག་པ།