ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་དང་གངས་ལྗོངས་ས་མཐོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས།

——2019ལོའི་ལོ་གསར་གྱི་ཤིས་ཚིག

ཡོང་ཁུངས། སྤེལ་དུས 2019-01-02

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།

འོད་སྟོང་འཕྲོ་བའི་2018ལོ་ཕར་ལ་བསྐྱལ། རེ་བས་ཁེངས་པའི་2019ལོ་ང་ཚོས་འཛུམ་གྱིས་བསུས། ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་དུས་འདིར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཕུལ་མཁན་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས། བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། དུས་ཆེན་རིང་ལས་གནས་བརྟན་སྲུང་དང་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

འདས་མ་ཐག་པའི་2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་། དུས་གནས་རྟོགས་དཔྱོད། ཐབས་ཇུས་ལེགས་བཀོད། འབད་འབུངས་སྟོབས་བརྩོན་བཅས་གནང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་འཐབ་ཀྱི་ལེའུ་གསར་པ་བརྩམས་པ་དང་། རླབས་ཆེན་མེས་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་སྤོབས་སེམས་ཆེ་རུ་བཏང་ཡོད།

འདས་མ་ཐག་པའི་2018ལོར་བོད་དུ་དོན་ཆེན་མང་པོ་དང་བཀྲ་ཤིས་པའི་བྱ་བ་མང་པོ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་སེམས་དང་བརྩེ་སེམས་བོད་ལ་བཅངས་ནས་བོད་ཀྱི་ལས་དོན་ཐད་ཁ་ཕྱོགས་གཏན་འཁེལ་དང་ཇུས་བཀོད་གཏིང་ཟབ་གནང་བ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ། ཆེད་མངགས་བོད་ཀྱི་མཐའ་མཚམས་འཛུགས་སྐྲུན་སོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། 

ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གྱི་གནད་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ། སྐུ་ངོ་མས་འཕྲིན་ཡིག་སྤྲིངས་ནས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་སྔར་བས་གཏན་འཁེལ་གནང་ཡོད། ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་དབང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་བསྣམ་ནས་སྐུ་ངོ་མ་བོད་དུ་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་གཞག་གཏོད་པའི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་འཕེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཛུབ་སྟོན་གལ་ཆེན་དང་། རྒྱབ་སྐྱོར་ཤུགས་ཆེན། དམིགས་བསལ་གཟིགས་སྐྱོང་བཅས་ཀྱིས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་བླང་བྱ་ཁ་གསལ་བཏོན་པ་ལས། བོད་ལ་སྔར་བྱུང་མྱོང་མེད་པ་དང་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ནས་མཐོའི་བུ་ཕྲུག་ཁྲི་ཚོ་300ལྷག་ཙམ་གྱིས་བྱ་གཞག་གཏོད་པ་དང་འཆར་གཞི་ཆེན་པོ་འགོད་པའི་འབད་འབུངས་སྙིང་སྟོབས་འཕེལ་ཡོད།

འདས་མ་ཐག་པའི་2018ལོ་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་འཛིན་རྗེས་མཐུད་བྱེད་པ་བཅས་ཀྱི་འགག་རྩའི་ལོ་ཞིག་རེད། འདས་ཟིན་པའི་ལོ་འདིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཡང་དག་འོག ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཁར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་གཞིར་བཟུང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཏེ་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1400ལས་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་11%སོ་སོར་འཕར་བ། ཡུལ་སྐོར་བ་མི་ཐེངས་ཁྲི་3300ལྷག་ཙམ་ཟིན་པ། རྫོང(ཆུས)དབུལ་པོ་25ལ་དབུལ་སྒྲོལ་གྱི་ཆ་རྐྱེན་འཛོམས་པ། མི་འབོར་དབུལ་པོ་ཁྲི་18.1ཉུང་དུ་སོང་བ་བཅས་རེད། ཁྲོན་བོད་ལྕགས་ལམ་དང་། ལྷ་གཞིས་རིམ་མཐོའི་གཞུང་ལམ། བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་། བོད་ལུགས་གསོ་རིག་སློབ་ཆེན། ལག་རྩལ་པའི་སློབ་གླིང་སོགས་དམངས་འཚོའི་རྣམ་གྲངས་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ལྗོངས་ཡོངས་སུ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། སྣོད་བཅུད་བཟང་བ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། ས་མཐོའི་ས་གཞི་ཆེན་པོའི་གང་ས་ཅི་ཐད་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་བཟང་པོ་མངོན་ནས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་བཞིན་ཡོད།

དངོས་སྒྲུབ་ལ་བརྟེན་ནས་ཕུགས་འདུན་མངོན་དུ་འགྱུར། འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་བྱེད། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན། ང་ཚོས་སྔ་ཕྱི་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པ་དང་། སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་བྱུང་སྔོན་འགོག་གི་རྩ་དོན་ལ་གཞིགས་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་མ་ཐོན་སྔོན་འགོག་གིས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་སྔོན་ལ་འགན་ལེན་དང་ལེགས་སུ་གཏོང་བ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔ་ཕྱི་བར་གསུམ་དུ་ཟབ་ཏུ་བཏང་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བཅས་བྱེད་དགོས། སྔ་ཕྱི་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་ཏན་ཏིག་ངང་ཡག་པོ་སྲུང་དགོས། སྔ་ཕྱི་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ། སྔ་ཕྱི་བར་གསུམ་དུ“བརྟན་པོར་འཛུགས་པ་གསུམ”སྒྲུབ་ཐུབ་པ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

འགོ་འཛུགས་ས་གསར་པར་རེ་བ་གསར་པས་ཁེངས། འཆར་གཞི་གསར་པས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ་བཅས་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས་ཤིང་། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

རླབས་ཆེན་གྱི་མེས་རྒྱལ་སྔར་བས་དར་རྒྱས་གོང་འཕེལ་དང་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུ།

བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལོ་གསར་སྤྲོ་པོ་དང་། བདེ་སྐྱིད་ཁམས་བཟང་། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།


རྩོམ་སྒྲིག་པ།