བོད་ལྗོངས་མཚོ་སྣ་རྫོང་གིས་དུད་ཚང་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་པ་བྱས་པ།

ཡོང་ཁུངས། སྤེལ་དུས 2018-12-24 15:56:58

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “མཐོ་གྲང”ཞེས་པ་དེ་དུས་ནམ་ཡང་བོད་རང་སྐྱོང་ལྗོངས་མཚོ་སྣ་རྫོང་གི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་གར་ས་བབ་མཐོ་ཚད་སྨི་4400ཡོད་པ་དང་། ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་0.6ཟིན་པ། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་37ཟིན་པ་དང་ལོ་འཁོར་མོར་བ་མོ་མ་འབབ་པའི་དུས་ཚོད་ཉིན་42ཁོ་ན་ལས་མེད་པས་བོད་ཀྱི་དཔེ་མཚོན་གྱི་མཐའ་མཚམས་མཐོ་གྲང་རྫོང་ཞིག་རེད།

མཚོ་སྣ་རྫོང་ལ་ཐོག་མར་སླེབས་སྐབས་ཁ་བ་འབབ་བཞིན་འདུག་པས་དེ་གར་ཧ་ཅང་གྲང་མོ་འདུག གནམ་གཤིས་གྲང་ངར་ཆེན་པོ་དེ་ལྟ་བུའི་འོག་ཇི་ལྟར་བྱས་ནས་དྲོད་ལེན་བྱ་རྒྱུ་དེ་མཚོ་སྣ་རྫོང་གི་མང་ཚོགས་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།

མཚོ་སྣ་རྫོང་གི་འགན་ཁུར་བས་དུས་ཡུན་རིང་པོའི་ནང་མཚོ་སྣ་རྫོང་གི་མང་ཚོགས་ཚོར་དགུན་དུས་དྲོད་ལེན་བྱེད་པའི་ཐད་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང་། དྲོད་ལེན་བྱེད་ཐབས་གཙོ་བོ་དྲོད་ལེན་ཡོ་བྱད་དང་། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས། ཤིང་དང་ལྕི་བ་སོགས་ལ་བརྟེན་གྱི་ཡོད་མོད། འོན་ཀྱང་དྲོད་ཚད་ངེས་ཅན་ཞིག་སྲུང་མ་ཐུབ་པའི་ཁར། ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་ཡོད། ཡིན་ནའང་2016ལོར་གནད་དོན་དེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྡོད་མལ་ལ་འཚམ་པའི་མཚོ་སྣ་བསྐྲུན་ཏེ“བརྩེ་སེམས་གཞན་ལ་བཅངས་པ་དང་། ཐོབ་ཐང་གཞན་ལ་སྤྲོད་པ། ལམ་ལུགས་གཞན་ལ་སྤྱོད་པ། ཁོར་ཡུག་གཞན་ལ་འཇོག་པ”བཅས་བྱས་ཡོད། མཚོ་སྣ་རྫོང་གིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་སྤྱད་དེ་ཁྱོན་མ་དངུལ་སྒོར་ཁྲི་5000བཏང་ནས་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱས་ནས་གཙོ་བོ་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་དེ་བཞིན་སློབ་མའི་ཉལ་ཁང་དང་། མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཐོག་བརྩེགས་ཁང་ཆེན་དང་ནད་ཁང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སོགས་ཚན་པར་མཁོ་འདོན་བྱས་པ་དང་དྲོད་རླངས་མཁོ་འདོན་བྱེད་ཚད་སྨི་ངོས་གྲུ་ཁྲི་4ཟིན་པ་དེ་ད་ཆ་ལས་གྲྭ་ལས་མཇུག་འགྲིལ་ནས་སྤྱོད་བཞིན་ཡོད་པ་རེད།

བཀྲ་ཤིས་ནོར་བུའི་ཁྱིམ་དུ་སྐྱོད་སྐབས་ཁང་པའི་ནང་དྲོད་ཚད་སྙོམས་པས་ཕྱི་རོལ་དུ་དེ་བས་གྲང་ངར་ཆེ་བར་སྣང་། དེ་ཙམ་རྒྱ་ཆེན་པོ་མེད་པའི་ཚོམས་ཆེན་ནང་མེ་ཏོག་སྣ་ཚོགས་བསྒྲིགས་ཡོད་པ་དང་ཁོང་གིས་སྟོད་ཐུང་ཕུ་མེད་ཅིག་གྱོན་ནས་ཁྱིམ་དུ་ལྷོད་ཤིག་ཤིག་ངང་བསྡད་འདུག བཀྲ་ཤིས་ནོར་བུས་གསར་འགོད་པར“དེ་སྔ་གནམ་གཤིས་གྲང་བས་མཚན་མོ་ཉལ་ཆས་མཐུག་པོ་གྱོན་དགོས་པ་མ་ཟད་ཁྱིམ་དུའང་གྱོན་གོས་མཐུག་པོ་གྱོན་དགོས་སྟབས་ཁྱིམ་དུ་སྡོད་འདོད་གཏན་ནས་མི་འདུག ད་ཆ་ཁྱིམ་དུ་སྟོད་ཐུང་ཕུ་མེད་གྱོན་ནས་བསྡད་རུང་འཁྱག་པའི་སྣང་བ་མི་འདུག མེ་ཏོག་སོགས་རྩྭ་རྩི་ཤིང་གང་ཉོས་རུང་ཁྱིམ་གྱི་དྲོད་ཚད་ཀྱིས་སྐྱེས་འཚར་ཡག་པོ་ཡོང་གི་འདུག”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྣ་རྫོང་དུ་ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ད་ཆ་ཚ་ཁྲོན་22ཡོད་པའི་ཁྲོད་ཚ་ཁྲོན་གཏིང་རིང་3དང་། གཏིང་ཐུང་ཙམ་19ཡོད་པ་དང་དྲོད་ཚད་མཐོ་བའི་ཚ་ཁྲོན་9ཡོད་པ་དེ་དག་གི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་56དང་། ཆུ་ཚ་ཤོས་ཧྲེ་ཧྲི་ཏུའུ་66དོན་པ་དང་ཆུ་ཚོད་རེར་སྨི་རྒྱ་དཔངས་གྲུ་བཞི་401དོན་པ་བཅས་རེད། 2017ལོར་མཚོ་སྣ་རྫོང་གིས་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྔར་བས་ལག་བསྟར་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་ཞིང་། རྫོང་གྲོང་གི་ལས་བྱེད་ལས་བཟོའི་ལས་ཤག་དང་། སྤྱི་པའི་བོགས་གཏོང་ཁང་པ། ཁང་གླ་ཁེ་བའི་སྡོད་ཁང་བཅས་དང་། དེ་བཞིན་རྫོང་ཐད་གཏོགས་སྡེ་ཚན་ཁག་ལ་དྲོད་རླངས་མཁོ་འདོན་བྱེད་ཀྱི་ཡོད་པས། ཁང་པའི་ནང་གི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་20ནས་ཧྲེ་ཧྲི་ཏུའུ་26བར་ཟིན་པ་དང་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་22ཟིན་གྱི་ཡོད་པ་རེད།

ད་ཆ་མཚོ་སྣ་རྫོང་དུ་གྲང་ངར་ཆེ་བའི་དགུན་དུས་སུ་དྲོད་ལེན་གྱི་གནད་དོན་ཐད་སེམས་ཁྲལ་བྱེད་དགོས་མེད། དྲོད་རླངས་དུད་ཁྱིམ་ཚང་མར་འཁྲིད་ཐུབ་པ་བྱུང་བའི་ཁྲོད་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་ཚོའང་ཚུད་ཡོད་པ་རེད།

འདས་ཟིན་པའི་ལོ་གཅིག་ནང་མཚོ་སྣ་རྫོང་གིས་ཆུ་དྲོ་མོ་དང་། མཁར་ལྟག སྦྱོར་ར། མག་མག་བཅས་ཀྱི་ཆ་ཚང་སློབ་ཆུང་བཞི་དང་བུ་བཅོལ་ཁང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་སྔར་བས་ལག་བསྟར་བྱས་པ་དང་སྦྲགས་སྤྱོད་རྒྱུར་རྩིས་སྤྲད་ཡོད་པ་རེད། འཆར་འགོད་གཞིར་བཟུང་ཆུ་དྲོ་མོ་ཤང་དང་ལམ་ཕུག་ཤང་དུ་ས་བབ་མཐོ་བའི་ཤང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱང་ལག་བསྟར་བྱེད་བཞིན་ཡོད་པས་སྐབས་དེ་དུས་མཚོ་སྣ་རྫོང་གྲོང་ཕུད་ཤང་གྲོང་དེ་བས་མང་བའི་གྲོང་མི་ཚོ་ལའང་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ།