“སྤུས་རྟགས་ཆེན་པོ་ལྔ”ཡིས་ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། སྤེལ་དུས 2018-12-25 17:58:26

ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་བོད་དུ་སླེབས་ཚུན། “ས་ཁུལ་འཕེལ་རྒྱས་འགྲོ་བ་དང་། མང་ཚོགས་ལ་ཕན་པ་ཐོབ་པ། ལས་བྱེད་པར་སྦྱོང་བརྡར་སྤྲོད་པ”བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་། ཚོགས་སྒྲིག་རྣམ་པའི་སློབ་གསོ། དམངས་འཚོ་དམངས་སེམས། ཚོང་འགུགས་མ་འདྲེན། བོད་སྐྱོར་རུ་ཁག་བཅས་ཀྱི“སྤུས་རྟགས་ཆེན་པོ་ལྔ”ཧུར་ཐག་བཏོད་ནས་བོད་སྐྱོར་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་སྤུས་རྟགས་བཏོད་ནས་བོད་ཤར་གྱི་འཕྲོད་བསྟེན་བྱ་གཞག་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཞིང་། མི་དང་། མ་དངུལ། ཐོན་ཁུངས་བཅས་ཕྱོགས་གསུམ་ཐད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཞིགས་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”གྲུབ་འབྲས་ཐོབ་པའི་ངང་གཏོད་རྒྱུར་རོགས་རམ་ཏན་ཏིག་བྱས་པ་རེད། མིག་སྔ་བར། ཁྲུང་ཆིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་ཕྱོགས་བསྡུས“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ནས་སྨན་བཅོས་ཤེས་ལྡན་པ་53དང་དུས་ཐུང་གི་ཤེས་ལྡན་པ་33ཁག་གསུམ་ལ་དབྱེ་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྒྲུབ་པར་འདེམས་མངགས་བྱས་པ་དང་། འཆར་གཞིའི་ནང་མ་ཚུད་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་6800མཐུན་སྦྱོར་བྱས་པ། སྨན་དོན་པ་61ནང་འདྲེན་བྱས་པ། “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”རྣམ་པར་གཞིགས་ཏེ་གཙོ་གནད་ཚན་ཁག་11བཏོད་པ། སྨན་བཅོས་ཤེས་ལྡན་པ་53གྱིས་ཡུལ་དེ་གའི་སྨན་བཅོས་མི་སྣ་103ལ་མཛུབ་ཁྲིད་བྱས་པ། ལག་རྩལ་གསར་པ་ཁག་121ཁྱབ་གདལ་བཏང་བ། ཡུལ་དེ་གའི་སྨན་བཅོས་ཤེས་ལྡན་པ་མི་ཐེངས་2200ལྷག་ཙམ་གསོ་སྦྱོང་བྱས་པ་བཅས་རེད།

ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་གྱི་སྤུས་རྟགས་བཏོད་ནས་ཆབ་མདོའི་སློབ་གསོའི་བྱ་གཞག་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། སློབ་ཁང་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་དབར་མཐུན་སྦྱོར་བྱས་ནས《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཡི་གེ》བཞག་སྟེ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སློབ་གསོ་དང་། “ཆབ་མདོའི་འཛིན་གྲྭའི”སློབ་མ་གསོ་སྦྱོང་། དགེ་རྒན་གསོ་སྐྱོང་། ཆ་འཕྲིན་ལག་རྩལ། ལས་རིགས་སློབ་གསོ། ཆ་སྒྲིག་རོགས་སྐྱོར། དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པ་སོགས་ཕྱོགས་7ཐད་ཀྱི་རོགས་སྐྱོར་ནང་དོན་ཁ་གསལ་བཟོས་ཡོད། མིག་སྔ་བར། ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞི་ཁག་7རེ་ཞུ་བྱས་པ་དང་། 2018ལོའི་མཐོ་རྒྱུགས་ལ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ཀྱི་ཚད་གཞི་ལོན་པའི་མི་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་སྤྱིའི་སྐར་གྲངས་ཀྱི་ཚད་གཞི་ལོན་ཚད་99.1%ཟིན་ནས་སློབ་གྲྭ་དེའི་མཐོ་རྒྱུགས་ཀྱི་སྐར་གྲངས་ལོན་པའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

དམངས་འཚོ་དམངས་སེམས་ཀྱི་བོད་སྐྱོར་གྱི་སྤུས་རྟགས་བཏོད་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡོངས་ཁྱབ་ཐུབ་རྒྱུར་སྐུལ་འདེད་བཏང་ཞིང་། མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ་བཅས་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་འཆར་གཞིའི་ནང་གི་བོད་སྐྱོར་མ་དངུལ་80.2%ནས་91%བར་མང་དུ་བཏང་སྟེ་སློབ་གསོ་དང་། སྨན་བཅོས། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་པ་དང་། འཆར་གཞིའི་ནང་མ་ཚུད་པའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.6དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་ཅིང་། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་6ལག་བསྟར་བྱེད་འགོ་ཚུགས་པ་དང་། སྨར་ཁམས་རྫོང་ལ་འོག་གྲོང་ཚོ་སོགས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་3སྐྲུན་ཟིན་པ། “དབྱར་རྩྭ་དགུན་འབུ་ཐོན་འཕར་དང་། བྲ་བོའི་ལས་སྣོན་ཞིབ་ཚགས། སྦྲང་ནོར་བུ་སྐྱེ་འཕེལ། བོད་ཕག་གསོ་ཚགས”བཅས་ཀྱི་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཁག་10ལག་ལེན་བསྟར་བ། སྒོར་ཁྲི་500བཏང་ནས་འཐུང་ཆུའི་དཀའ་ངལ་ཡོད་པའི་ཤང་གྲོང་དང་གྲོང་ཚོ་ཨུ་ལྷན་ལ་ཁྲོན་པ་20འདྲུས་པ། ཧྲ་ཕིང་རགས་ཁུལ་སོགས་ཁུལ་6གི་ཁྲོམ་གཞུང་དང་གྲོང་རྡལ་གྱིས་ཁ་གཏད་རྫོང་གསུམ་གྱི་ཤང་དང་གྲོང་རྡལ་26དང་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།

ཚོང་འགུགས་མ་འདྲེན་གྱི་བོད་སྐྱོར་སྤུས་རྟགས་བཏོད་ནས་ཡུལ་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གསར་པ་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། ཆབ་མདོའི་དངུལ་རྩ་དང་ཁྲལ་བསྡུ་སོགས་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚོང་འགུགས་མ་འདྲེན་དང་རྣམ་གྲངས་ཚོང་འགུགས་གཉིས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔ་བར། རིགས་ཁག་གི་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་སྔ་རྗེས་སུ་ཐེངས་10ལྷག་ཙམ་འཚོགས་པ་དང་ལྷོ་ནུབ་སློབ་ཆེན་ཅུན་ཆིན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ཆབ་མདོར་མ་དངུལ་སྒོར་དུང་ཕྱུར་4.5བཏང་སྟེ་ནས་ཏུན་ཁྲི་10ཡི་ལས་སྣོན་ཞིབ་ཚགས་རྣམ་གྲངས་བཙུགས་པ་དང་། ཆབ་མདོར་གནས་པའི་ཁེ་ལས་ཀྱི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་ཐེངས་5སྤེལ་ཏེ་ལུང་ཀྲི་རྒྱུ་ཆ་གསར་པ་སོགས་ཁེ་ལས་25ནང་འདྲེན་བྱས་ནས་ཁེ་ལས་དང་གྲོང་ཁྱེར་སྲིད་གཞུང་དབར་མཉམ་ལས་ཀྱི་འདོད་མཐུན་ཁག་100འཇོག་རྒྱུར་སྐུལ་འདེད་བཏང་བ་དང་། མ་འཇོག་གྲོས་མཐུན་ཁག་83བཞག་པ། གྲོས་མཐུན་གྱི་མ་འཇོག་སྒོར་དུང་ཕྱུར་137ཟིན་པ། མ་དངུལ་སྒོར་དུང་ཕྱུར་10.2དམིགས་སར་འབྱོར་བ་བཅས་རེད།

བོད་ཤར་གྱི་བོད་སྐྱོར་སྤུས་རྟགས་བཏོད་ནས་བོད་སྐྱོར་ལས་བྱེད་པའི་དཔུང་ཁག་གི་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཞིང་། དུས་ཐོག་ཏུ་སྐབས་འཕྲལ་ཏང་ཨུད་དང་བཀོད་འདོམས་པུའུ་བཙུགས་ནས་བོད་སྐྱོར་ལས་དོན་ལ་འགོ་ཁྲིད་དང་བོད་སྐྱོར་མ་དངུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བཀོད་འདོམས་པུའི་ཚོགས་འདུའི་ལམ་ལུགས་དང་དོན་ཆེན་ལས་ཀའི་གྲོས་རིམ་གྱི་སྒྲིག་སྲོལ་དང《ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་དོ་དམ་ལམ་ལུགས》 དེ་བཞིན་ནོར་དོན་དོ་དམ་སོགས་སྒྲིག་སྲོལ་དང་ལམ་སྲོལ་ཁག་10ལྷག་ཙམ་བཟོས་ནས་སྒྲིག་སྲོལ་ལ་གཞིགས་ཏེ་ལས་དོན་སྒྲུབ་པ་དང་ལམ་སྲོལ་ལ་བརྟེན་ནས་མི་སྣ་དོ་དམ་བྱས་པ། བཀོད་འདོམས་པུའུ་དང་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚང་མའི་དབར《བདེ་འཇགས་འགན་འཁྲིའི་ཡི་གེ》བཞག་པ་དང་། རྒྱུན་ལྡན་ངང་རིམ་པ་མང་བའི་སྙིང་གཏམ་ཤོད་པ་དང་སྐད་ཆ་ཤོད་རེས་བྱེད་པ། ཏང་གཤིས་སློབ་གསོ་དང་། བརྗོད་དོན་གཙོ་བོ་ལག་ལེན། ཆེད་དོན་བགྲོ་གླེང་བྱེད་སྒོ་བཅས་ཏན་ཏིག་སྤེལ་བ། དུས་བཀག་ནང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སྙིང་གཏམ་ཤོད་རེས་བཅས་བྱས་ནས་བོད་སྐྱོར་ལས་བྱེད་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་པ་རེད།

རྩོམ་སྒྲིག་པ།