ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། བསམ་གཏན། སྤེལ་དུས 2018-12-28 15:46:39

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

580454_yis_1545886324529.jpg

ཟླ་12ཚེས་25དང་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་12ཚེས་25དང་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་གསར་གཏོད་དང་ཤུགས་སྣོན་རྒྱག་པར་བརྟེན་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་པ་བྱེད་པ་བརྗོད་དོན་གཙོ་བོར་འཛིན་པའི་ཁར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》སྣེ་ཁྲིད་དེ་ལག་བསྟར་ནན་ཏན་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱས་པའི་དོན་དངོས་དང་། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》སྣེ་ཁྲིད་དེ་ལག་བསྟར་ནན་པོ་བྱས་པའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་རང་གིས་རང་ལ་ཞིབ་བཤེར་བྱས་པ་དང་། ཏང་གཤིས་དབྱེ་ཞིབ་བྱས་པ། དེ་བཞིན་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་། འབྲེལ་ཡོད་ཕྱོགས་ཀྱིས་སྟ་གོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་གསུང་རེས་གནང་ཞིང་། བརྗོད་དོན་གཙོ་བོར་དམིགས་ཏེ་གནད་དོན་བཙལ་འཚོལ་གནང་བ་མ་ཟད། གཏམ་བཤད་ཀྱི་ཡིག་ཆའང་བྲིས་པ་རེད། ཚོགས་འདུའི་ཐོག་དང་ཐོག《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ་དང་དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་སྤེལ་ཏེ་བླང་བྱ་གཞིར་བཟུང་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་ཀྱི་ངོས་འཛིན་གཏིང་ཟབ་པ་དང་། སྒམ་ཞིང་ནན་པའི་སྒོ་ནས་གནད་དོན་བཙལ་འཚོལ་གནང་བ། ལྷག་བསམ་ཟོལ་མེད་ངང་བསམ་འཆར་བཏོན་གནང་བ་བཅས་ལས་བསམ་བློ་སྔར་བས་གཅིག་གྱུར་དང་། ཁ་ཕྱོགས་སྔར་བས་གསལ་སྟོན། སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བཅས་ཀྱི་དམིགས་ཡུལ་གྲུབ་ཡོད།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་ནང་གཙོ་གནད་ཁག་3སྟངས་འཛིན་དང་མངོན་པར་བྱས་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་ལག་བསྟར་དང《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》ལག་བསྟར་ནན་ཏན་གྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ་དང་། རང་རྟོགས་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་བ། གཉིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣེ་ཁྲིད་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། དུས་བབ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་བཅག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ། འགག་སྒྲོལ་དཀའ་སེལ་ཕོད་པར་བྱས་པ། གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྣེ་ཁྲིད་དེ་ལག་བསྟར་ནན་ཏན་བྱས་ཏེ་སྤྱོད་གཙང་རང་གཅུན་གྱིས་ནང་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ཡག་པོ་བྱས་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་དང་ཁྱད་བསད་བྱས་པ་བཅས་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་སྒྲིག་བྱས་པ་གཞིར་བཟུང་། མུ་མཐུད“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ཟབ་མོར་ཁ་གཏད་ནུས་ལྡན་གཅོག་པ། དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད། ཡར་རྒྱས་ཧུར་ལེན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་པས་ཕྱོགས་ཁག་གི་ལས་དོན་ལ་གོམ་སྟབས་གསར་པ་སྤོ་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། དེར་བརྟེན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཏང་ཡོངས་ཀྱི་མིག་དཔེར་འགྱུར་བ་བྱས་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་ཐུབ་པ་བཅས་ཀྱི་ཐད་མུ་མཐུད་འབད་འབུངས་ལྷོད་མེད་བྱེད་དགོས་པ་དང་། བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་རྩའི་ལྟ་བ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས། རྗེས་སྙེགས་སློབ་སྦྱོང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་ལེན་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་དུས་རབས་གསར་པ་དང་། ལག་ལེན་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བསམ་བློའི་དོན་དངོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ།

དམིགས་སའི་རང་བཞིན་ལྡན་པའི་ངང་གཙོ་གནད་ཐོག་སློབ་སྦྱོང་བྱེད་པ་བཅས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདི་ཉིད་རང་རང་སོ་སོའི་ལས་དོན་དངོས་ནང་ཏན་ཏིག་འཁྱོལ་བ་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དེའི་ནང་གི་འགོ་ནས་མཇུག་བར་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་ནི། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་གོམ་སྟབས་གཅིག་མཐུན་འགན་ལེན་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགོ་ཁྲིད་དང་། ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་པའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་ཞིབ་གཟིགས་དང་སྟངས་འཛིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་དཔའ་མཛངས་བརྟུལ་ཕོད་ཀྱིས་མདུན་སྐྱོད་བཅས་གནང་རིང་། འཐབ་ཇུས་ཀྱི་བརྡར་གཅོད་དེ་གཟིགས་རྒྱང་རིང་བ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་བྱང་ཆུབ་ཅིང་རྩེར་སོན་པ། མི་དམངས་ཀྱི་ལངས་ཕྱོགས་གསལ་ཞིང་བརྟན་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེ་ལ་བརྟན་པ་བཅས་ཡོད་པ་ལས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བཅས་བྱེད་དགོས་ཤིང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་སྣེ་ཁྲིད་པ་དང་། ལག་ལེན་པ། སྐུལ་འདེད་པ་བཅས་ལ་ཧུར་ཐག་འགྱུར་བ་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་འབད་འཐབ་དམིགས་ཚད་ཅིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་ཡར་རྒྱས་བརྩོན་ལེན་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་སྒྲུབ་ཕོད་པ་དང་བྱེད་ཕོད་པའི་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགན་འཁྲི་ཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣེ་ཁྲིད་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དུས་བབ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་ཧུར་ཐག་གཅོག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། འགག་སྒྲོལ་དཀའ་སེལ་བྱེད་མཁས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་གཞུང་དོན་སྙིང་བཅངས་ཀྱི་སྙིང་སྟོབས་ཐོག་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་རྫོགས་དུས་མེད་པ་དང་། “སྤྱོད་ཚུལ་བཞི”བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་སྲོལ་དང་སྲིད་སྲོལ་བཟང་པོ་རྒྱུན་འཁྱོངས་བཅས་བྱེད་པར་ངེས་པར་དུ་ཏང་ཀྲུང་དབྱང་ནས་དམ་འཛིན་བྱེད་དགོས་པ་དང་མཐོ་རིམ་ལས་བྱེད་པ་ནས་འགོ་འཛུགས་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་འགོ་ཁྲིད་ཚོས་ཉམས་ལེན་འབད་སྒྲུབ་དང་གོང་དཔེ་འོག་སྟོན་གྱིས་རང་རྟོགས་ངང་སྤྱོད་གཙང་རང་གཅུན་བྱེད་པ་དང་། ནང་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ནན་པོ་བྱེད་པ། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་དང་ངོ་རྒོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་ནས་མི་བྱེད་པ་བཅས་ལ་བརྟེན་ནས་ཏང་ཡོངས་ལ་ཚད་ཤིང་འཛུགས་པ་དང་མིག་དཔེ་བཟང་པོ་སྟོན་དགོས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ་དང་འབྲེལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《གཏན་འབེབས》དང《ལག་བསྟར་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་བྱེད་པར་བླང་བྱའང་བཏོན་གནང་ཞིང་། ཁོང་གིས་ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་སོང་། ཚང་མས་གཏམ་བཤད་གྲ་སྒྲིག་གང་ལེགས་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ། བསམ་གཞིག་གཏིང་ཟབ་བཅས་བྱས་ཏེ་ངོས་འཛིན་བཤད་པ་དང་། མྱོང་ཚོར་གླེང་བ། གནད་དོན་བཙལ་བ། མི་འདང་བའི་ཆ་བཙལ་བ། བློ་ཐབས་བཀོད་པ། གྲོས་འགོ་བཏོན་པ་འདི་དག་ལྷག་བསམ་ཟོལ་མེད་དང་བསམ་པ་རྣམ་དག་ཡིན་པས། བསམ་བློ་སྤེལ་རེས་དང་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ་མ་ཟད། གནད་དོན་བཏོན་པ་དང་སྒྱུར་བཅོས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་འདི་སྔོན་དཔག་གི་དམིགས་ཚད་དུ་སླེབས་འདུག་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་ནང་ཁུལ་དུ་ལྷག་པའི་གནད་དོན་དང་ཞན་ཆ་སྣ་ཚོགས་ལ་དམིགས་པའི་ཁར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་ལག་བསྟར་བྱེད་པ་ནས་འགོ་བཙུགས་ཏེ། དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རིང་། གང་ཞིག་ལ་དམ་འཛིན་བྱེད་དགོས་པ་དང་དམ་འཛིན་གང་འདྲ་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ། ཏང་སྲོལ་དང་། སྲིད་སྲོལ། སྤྱི་སྲོལ་བཅས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ང་ཚོས་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞིགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་ལ་བཟོ་བཅོས་བརྒྱབ་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མུ་མཐུད་དོན་འཁྱོལ་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣེ་ཁྲིད་ནས་ལག་བསྟར་ནན་པོ་བྱེད་དགོས་པ་དང་དུས་མཚུངས། ཁག་བགོས་དོ་དམ་གྱི་ས་གནས་དང་སྡེ་ཚན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། མངོན་གསལ་དོད་པའི་གནད་དོན་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་ལས་མགོ་ཡོད་མཇུག་མེད་བྱེད་མི་རུང་བ་དང་། “ཕྱེད་ཙམ་ལས་མི་འགྲུབ་པའི་ལས་གྲྭ”གཉེར་མི་རུང་། ཕྱི་ཚུལ་ཙམ་དེ་བས་ཀྱང་བྱེད་མི་རུང་།

ཞི་ཅིན་ཕིང་གིས་གསུངས་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་རང་རེའི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ཀྱི་ལམ་ལུགས་ཤིག་རེད་ལ། སྲིད་ཏང་གཞན་དག་དང་མི་འདྲ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། ལམ་ལུགས་འདིས་ཏང་ནང་ཁུལ་གྱི་དམངས་གཙོ་འདོན་སྤེལ་གང་ལེགས་དང་གཅིག་སྡུད་ཡང་དག་ཟུང་འབྲེལ་དམ་ཟབ་བྱེད་ཀྱི་ཡོད། འདི་འདྲ་བྱས་ན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཏང་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ལ། ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱང་གཅིག་གྱུར་བྱུང་ནས་གྲོས་སྡུར་བྱས་ཀྱང་ཐག་མི་ཆོད་པ་དང་ཐག་ཆོད་ཀྱང་ལག་བསྟར་མི་ཐུབ་པའི་ཐར་ཐོར་རིང་ལུགས་སྔོན་འགོག་དང་ཁྱད་གསོད་ནུས་ལྡན་བྱེད་ཐུབ། འདི་ནི་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ནུས་ཆོད་ཆེ་བའི་ལམ་ལུགས་ཤིག་རེད། དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་དམངས་གཙོ་དང་གཅིག་སྡུད་ཕྱོགས་གཉིས་ཚུད་ཅིང་། གཉིས་ཀ་ཕན་ཚུན་གྱི་རྒྱུ་རྐྱེན་དུ་གྱུར་ལ་གཅིག་རམ་གཅིག་འདེགས་ཀྱང་ཡིན་པས་གང་ཞིག་མེད་ན་འགྲིག་ཐབས་མེད། ང་ཚོས་དམངས་གཙོ་དང་གཅིག་སྡུད་གཉིས་གཅིག་གྱུར་གང་ལེགས་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལེགས་ཆ་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ། ལས་ཀའི་ལེགས་ཆ་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་ཡག་པོ་བྱས་ན། ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་དང་། དེ་ལས་ལྡོག་ན་ཏང་གི་བྱ་གཞག་ལ་ཆག་སྒོ་འབྱུང་ངེས་ཡིན་པ་གསལ་བཤད་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས“འདུ་ཤེས་བཞི”དང“སྲུང་སྐྱོང་གཉིས”མངོན་གསལ་དོད་པོས་ནན་བཤད་བྱས་ཁར། བླང་བྱ་ཁ་གསལ་རབ་དང་རིམ་པ་བཏོན་ནས་ཐོབ་པའི་གྲུབ་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡོད། ཏང་ཡོངས་ཀྱི་གོང་འོག་ཚང་མ་མཐུན་སྒྲིལ་སེམས་གཅིག་དང་གོམ་སྟབས་གཅིག་མཚུངས་བྱུང་བར་བརྟེན། ང་ཚོས་ཡུན་རིང་ཐག་གཅོད་བྱེད་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་། སྔོན་ཆད་སྒྲུབ་བསམས་ཀྱང་སྒྲུབ་མི་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ། ཏང་དང་རྒྱལ་ཁབ་ནང་ཁུལ་དུ་ལྷག་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་བསལ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

ཞི་ཅིན་ཕིང་གིས་གསུང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐབས་ཇུས་ཁག་ཚང་མར་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། ཚང་མར་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པར་སྣང་ཆེན་བྱས་པ། ཚང་མ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་དང་། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ། བགྲོ་གླེང་ཡང་ཡང་བྱས་པ་བཅས་ལས་གྲུབ་པ་རེད། རང་རེའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་འདི་ལྟ་བུ་བཅོས་སྐྱོང་ཡག་པོ་བྱེད་དགོས་ན། ཕྱོགས་སོ་སོའི་གནས་ཚུལ་ཁོང་དུ་ཆུད་དགོས་པ་དང་། དེ་བཞིན་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བར་བརྟེན་དགོས་ལ་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། རྒྱ་ཆེའི་ལས་བྱེད་པ་བཅས་ཀྱིས་དམངས་ཀྱི་འབོད་སྒྲ་རྒྱ་ཁྱབ་ངང་ཉན་པ་དང་དམངས་ཀྱི་འདོད་ཚུལ་བསྡུ་རུབ་བྱེད་པར་བརྟེན་དགོས། འགོ་ཁྲིད་ལས་བྱེད་པས་དམངས་གཙོའི་བྱང་ཚད་འགོ་ཁྲིད་ཀྱི་འཇོན་ཐང་ལ་བརྩིས་ནས་གསོ་སྐྱོང་དང་འགོ་ཁྲིད་ཀྱི་སྒྱུ་རྩལ་ཞིག་ལ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་དགོས། མི་ལ་ལྟ་སྟངས་འདྲ་མཉམ་འཛིན་ཞིང་གཞན་ལ་ཕན་འདོགས་པའི་རྣམ་འགྱུར་ཟོལ་མེད་ཅིག་ལྡན་པ་དང་དྲེགས་མེད་ཁེངས་སྐྱུང་དང་རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར་ཡིན་ཀྱང་ཆུ་ཕྲན་ཐམས་ཅད་འབབ་པ་ལྟ་བུའི་བློ་རྒྱ་ཡངས་པོ་ཞིག་ལྡན་པར་བྱས་ཏེ། ཕྱོགས་ཁག་གི་བདེན་པ་བདེན་ཐུབ་ཀྱི་བསམ་འཆར་ཚང་མ་ཁོང་དུ་ཆུད་པ་དང་ཁོང་དུ་ཡང་དག་ཆུད་པར་གཞོལ་ནས་ཞིབ་འཇུག་ཡང་ཡང་དང་། གཤིབ་བསྡུར་ཡང་ཡང་། ལེགས་རིགས་དར་སྤེལ་བཅས་བྱེད་དགོས། གཅིག་སྡུད་ཡང་དག་བྱེད་མཁས་པོ་བྱས་ཏེ་བསམ་འཆར་མི་འདྲ་བ་གཅིག་གྱུར་བྱེད་པ་དང་། བསམ་འཆར་ཐར་ཐོར་སྣ་ཚོགས་ནང་གི་ལྟ་བ་ཡང་དག་བཙོ་སྦྱངས་དང་ཉིང་བཅུད་ལེན་པ། བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་བསམ་འཆར་གཅིག་སྡུད་ཡང་དག་བྱེད་པ་བཅས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་གཏན་ལ་འབེབས་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། དང་ཐོག་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་འགན་འཁྲི་ཡིན་པས་ཚང་མས་མིག་དཔེའི་ནུས་པ་འདོན་དགོས།

ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཞིག་རེད། དེས་ང་ཚོར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་དུས་དང་རྣམ་པ་ཀུན་ཏུ་བྱེད་དགོས་པ་དང་། ངེས་པར་དུ་ང་ཚོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་དཀའ་སྡུག་མྱོང་བ་དང་། མཐོང་རྒྱ་ཆེ་བ། འཇོན་ཐང་ལྡན་པ། བློ་སྟོབས་རྒྱས་པ་བཅས་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་འབད་འཐབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་གུང་ཁྲན་ཏང་མིའི་འཐབ་རྩོད་བྱེད་ཕོད་པའི་དཔའ་ཉམས་དང་། ལ་རྒྱ། སྤྱོད་ལམ་སོགས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་ངང་དུས་བབ་འཕེལ་རྒྱས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་དང་། དེའི་ཁྲོད་ཀྱི་གོ་སྐབས་དང་འགྲན་སློང་། མཐུན་རྐྱེན་དང་འགལ་རྐྱེན་བཅས་མཐོང་བར་བྱས་ཏེ་ཕྱིའི་སྣང་ཚུལ་བརྒྱུད་ངོ་བོར་ལྟ་བ་དང་། འཐབ་ཇུས་འཆར་འགོད་ལ་དམ་འཛིན་ཡག་པོ་བྱེད་པ། འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བཅས་བྱེད་དགོས་པ། སྒྲིག་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པ་འཐབ་རྩོད་ཆེན་པོའི་འཐབ་ས་དང་པོར་སྦྱོང་བརྡར་བྱེད་པར་བཏང་ནས་ཉམས་ཞན་སྟོབས་ཆེར་གཏོང་བ་དང་། ཞན་ཆ་གསབ་པ། འཇོན་ཐང་ངོ་མ་སྦྱངས་ནས་ཤེས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།


རྩོམ་སྒྲིག་པ། བསམ་གཏན།