ཞིང་པ་ཝུའེ་པའོ་ཡུས་ཀྱི་ལོ་གསར་གྱི་ལག་རྟགས།

ཡོང་ཁུངས། སྤེལ་དུས 2019-01-08

ལོ་རྙིང་ཕར་ལ་སྐྱེལ་ཞིང་། ལོ་གསར་ཚུར་ལ་བསུ་བའི་སྐབས་འདིར། ལོ་48ལ་སླེབས་པའི་ཞིང་པ་ཝུའེ་པའོ་ཡུས་ཀྱིས་སྒོར་4000ཙམ་བཏང་ནས་གྲོང་ཚོ་དེ་ཡོངས་ཀྱི་རྒྱུན་སྡོད་གྲོང་མི་དུད་ཚང་70ལ་ལོ་གསར་གྱི་ལག་རྟགས་ཏེ་བཟའ་སྣུམ་འགྱིག་དམ་རེ་སྤྲད་པ་རེད། ལོ་གཉིས་ཀྱི་གོང་ཡིན་ཚེ་དེ་ནི་ཁོང་ཚོ་ནང་མི་ཡོངས་ཀྱི་ལོ་གཅིག་གི་ཡོང་འབབ་ཡིན་པ་རེད། ཉེ་བའི་ལོ་གཉིས་རིང་། ཁོང་གིས་སྐད་འཕྲིན་ཚོང་ཁང་བཙུགས་ནས་ཁྲེ་ཆུང་སོགས་རྒྱལ་ཡོངས་སུ་བཙོངས་པར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད་པ་རེད། དྲ་སྦྲེལ་ལས་བྱུང་བའི་འགྱུར་ལྡོག་ལ་བརྟེན་ནས་ཁོང་གིས་དེ་སྔ་བསམ་བློར་ཡང་འཁོར་མྱོང་མེད་པའི་བྱ་བ་དག་མངོན་འགྱུར་བྱུང་བ་རེད།

ཝུའེ་པའོ་ཡུས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ཧྲན་ཤིས་ཞིང་ཆེན་ཝུའུ་ཤང་རྫོང་ལིན་ཐོའུ་གྲོང་ཚོ་ནས་ཡིན་པ་དང་། དེ་གར་རི་མཐོ་ལ་གྲོག་རོང་གཡང་གཟར་བས་ན་གཞོན་མང་ཆེ་བ་ཕྱིར་གླ་པར་སྐྱོད་ཀྱི་ཡོད། ཝུའེ་པའོ་ཡུས་ནི་གཟུགས་སྟོབས་ཆེན་པོ་མེད་པ་དང་། ཤ་རིད་པ་ཞིག་ཡོད། ཁོང་ན་གཞོན་དུས་སུ་རྟག་ཏུ་ཕྱིར་གླ་པར་སྐྱོད་ཀྱི་ཡོད་མོད། འོན་ཀྱང་ཕོ་བའི་ནད་ཀྱི་རྐྱེན་པས་ཕ་ཡུལ་དུ་ཕྱིར་ལོག་དགོས་བྱུང་བ་དང་། ནང་མི་བཞི་པོས་ས་ཞིང་མུའུ་7བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་ལོར་ཡོང་འབབ་སྒོར་བཞི་སྟོང་ཙམ་ལས་མེད།

2016ལོའི་དགུན་དུས་ནས་བཟུང་། ཁོང་གི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། སྐབས་དེ་དུས་ཝུའུ་ཤང་རྫོང་དེ་ཉིད་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་འཛུགས་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གྱུར་ནས་ས་གནས་དེ་གས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་གྲོང་གསེབ་ཀྱི་དྲ་བ་བསྐྲུན་རིམ་མགྱོགས་སུ་བཏང་ཡོད་པ་རེད། ལོ་དེར་ཝུའེ་པའོ་ཡུས་ཀྱིས་རིག་ནུས་ཁ་པར་དང་པོ་དེ་ཉོས་ནས་སྐད་འཕྲིན་ཚོང་ཁང་བཙུགས། དྲ་དམངས་ཚོ་བློ་བདེ་པོ་ཡོང་ཆེད་ཁོང་གིས་2017ལོའི་ཟླ་4པ་ནས་བཟུང་འདེབས་འཛུགས་དང་། རྩྭ་ངན་འཐུ་བ། ལོ་ཏོག་བསྡུ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱེད་ཀྱི་ཡོད་པ་རེད།

རི་བོ་ཐའེ་ཧང་གི་ཁྲོད་དུ་གནས་པའི་ལིན་ཐོའུ་གྲོང་ཚོའི་མཁའ་རླུང་ཧ་ཅང་གཙང་བས་སྣོད་བཅུད་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད། 2016ལོ་ནས་བཟུང་། གྲོང་ཚོའི་ནང་ཞིང་ལས་ལོ་ཏོག་སྣོད་བཅུད་ལྡན་པའི་ངང་འདེབས་འཛུགས་བྱ་ཐབས་དར་སྤེལ་བཏང་བ་དང་། ཝུའེ་པའོ་ཡུས་ཀྱིས་རང་ཁྱིམ་གྱི་ས་ཞིང་དང་དེ་བཞིན་གྲོང་མིའི་ས་ཞིང་ནང་བཤུག་བཏང་བ་ཁྱོན་མུའུ་20ཚང་མར་སྐྱེ་ལྡན་ལུད་བརྒྱབ་པས། ཐོན་འབབ་ཡག་པའི་སྐབས་ལོར་ཁྲེ་བོ་རྒྱ་མ་སུམ་སྟོང་བཞི་སྟོང་དང་ཨ་ཤོམ་རྒྱ་མ་བཞི་སྟོང་ལྷག་ཙམ་བསྡུ་རྒྱུ་ཡོད་པ་རེད།

ཝུའེ་པའོ་ཡུས་ཀྱིས“མཁོ་མང་སྤྲོད་ཉུང་གི་རྣམ་པ་ཐོན་པས་ཕྱིར་འཚོང་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད། དེ་སྔ་གྲོང་མི་ཚོས་ཉོ་མཁན་སྒུག་ནས་སྡོད་པ་དང་ད་ཆ་སྐད་འཕྲིན་ཚོང་ཁང་བརྒྱུད་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་ཐུབ་ཀྱི་ཡོད། ཁོང་གིས་རྟག་ཏུ་གྲོང་ཚོའི་ནང་གི་རྒན་རྒོན་ཚོར་དྲ་ཐོག་ནས་འཚོང་རོགས་བྱེད་ཀྱི་ཡོད་པ་རེད།

“དྲ་ཐོག་ཚོང་ཁང་གྲོང་གསེབ་ཏུ་བཙུགས་པ”དེ་ཀྲུང་གོའི་ཞིང་པར་འབབ་འཕར་དབུལ་སྒྲོལ་ཡོང་རོགས་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ནས་ཞིང་ལས་ཐོན་རྫས་ཕྱིར་འཚོང་ཆ་འཕྲིན་གསང་པོ་མེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། 2014ལོར་རྒྱལ་ཁབ་ཀྱིས་གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་འཛུགས་པའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་ཚུན། རིམ་རྩིས་ལྟར་ན། དཔེ་སྟོན་རྫོང་1016ལ་རྒྱབ་སྐྱོར་བྱས་པ་དེ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་ལས་དོན་གྱི་གཙོ་གནད་རྫོང་737ལ་ཁྱབ་ཡོད། ད་ཆ་ཝུའེ་པའོ་ཡུས་སྡོད་སའི་ལིན་ཐོའུ་གྲོང་ཚོའི་མི་བརྒྱ་ལྷག་ཙམ་གྱིས་སྐད་འཕྲིན་ཚོང་ཁང་བཙུགས་ནས་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

“རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་འདུག”ཅེས་ཝུའེ་པའོ་ཡུས་ཀྱིས་མྱོང་ཚོར་ཟབ་མོས་བཤད། སྒྲིག་ཆས་ཐད་ཀྱི་རོགས་རམ་ཕུད་ཁོང་གིས་རྫོང་གྲོང་དུ་རིན་མེད་ངང་གསོ་སྦྱོང་ཐེངས་བདུན་བརྒྱད་ནང་ཞུགས་ཡོད་པ་རེད། ད་ཆ་ཝུའུ་ཤང་རྫོང་གི་ཚོང་དོན་ལྟེ་གནས་ཀྱིས་སྐད་འཕྲིན་ཚོང་ཁང་དང་དྲ་ཐོག་ཚོང་ཁང་ལ་ཟོག་འདྲེན་ཁ་གསབ་སྤྲོད་ཀྱི་ཡོད་པས་ཁོང་ལ་ཁ་གསབ་སྒོར་4000རག་གི་ཡོད་པ་རེད། 


རྩོམ་སྒྲིག་པ།