སྐལ་ཐར། སྲིད་ཇུས་བཟང་པོ་ལས་འཚོ་བ་གསར་པ་བྱུང་།

ཡོང་ཁུངས། སྤེལ་དུས 2019-05-13

ཟླ་ལྔ་པར་དཔྱིད་རླུང་དལ་བུར་ལྡང་ལ་ཉི་འོད་དྲོ་ཞིང་འཇམ། ང་ཚོས་གྲོང་ལ་གྲོང་ཚོར་བཅའ་སྡོད་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་ལས་དོན་རུ་ཁག་དང་མཉམ་དུ་གྲོང་ཚོ་དེའི་ལྷ་གྲོང་ཚོགས་ཆུང་གི་སྐལ་ཐར་གྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་པ་ཡིན། 2016ལོར་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པའི་སྐལ་ཐར་གྱི་ཁྱིམ་ནི་གྲོང་ཚོ་དེའི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དབུལ་པོ་འབའ་ཞིག་རེད། ཁོང་གི་ཁྱིམ་ལ་ནང་མི་8ཡོད་པའི་ཁྲོད་ཕྲུ་གུ་3དང་དབང་པོ་སྐྱོན་ཅན་2ཡོད་པས་ངལ་རྩོལ་ནུས་ཤུགས་ཧ་ཅང་ཁ་ཐང་བ་དང་། འཚོ་བའི་ཁུར་པོ་ལྕི་བ། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོའང་ཞིང་ལས་ཐོན་སྐྱེད་དང་ནགས་ཁྲོད་ཐོན་ཁུངས་བསྡུ་རུབ་ལ་བརྟེན་དགོས་སྟབས་འཚོ་བར་དཀའ་ངལ་ཆེན་པོ་ཡོད།

སྐལ་ཐར་གྱི་ཁྱིམ་དུ་སྐྱོད་སྐབས་དཀར་ཆ་དོད་ལ་རྒྱ་ཆེ་བའི་ཞིང་ཁྱིམ“སྤྲོ་སྐྱིད་ཁང”གསར་རྐྱང་ཞིག་མིག་ལམ་དུ་འཆར་འོང་། སྒོ་རར་འཛུལ་མ་ཐག་གཙང་ལ་དཀར་བའི་སྒོ་རའི་གྱང་འདབས་སུ་མེ་ཏོག་དང་རྩྭ་སྣ་ཚོགས་བཏབ་ཡོད་པ་དང་སྒོ་རའི་ནང་ཨར་འདམ་ལམ་ཡང་བཏིང་ཡོད་པས་ཧ་ཅང་གཙང་ཞིང་གྲ་སྒྲིག་པོ་འདུག སྐས་འཛེགས་ཀྱང་ཨར་འདམ་གྱིས་རྒྱ་ཆེ་ལ་ཁོད་སྙོམས་པོ་བཟོས་པས་ཁྱིམ་ནང་གི་དབང་པོ་སྐྱོན་ཅན་ཡར་འཛུལ་མར་ཐོན་ལ་སྟབས་བདེ་བྱུང་ཡོད། སྐལ་ཐར་གྱིས་ང་ཚོ་ཚོམས་ཆེན་དུ་འཁྲིད་བྱུང་། དེའི་ནང་གི་ནང་ཆས་གྲལ་སྟར་འགྲིག་ལ་མིག་ལ་མཛེས་པ་དང་ཐབ་ཆས་སྣ་ཚོགས་ཆ་སྒམ་སྟེང་གཙང་ལ་གྲལ་སྒྲིག་པོས་བཞག་འདུག སྐལ་ཐར་དང་ཁོང་གི་ནང་མི་ཚོས་སེམས་རྩ་འཁོལ་པོའི་ངང་ང་ཚོར་ཇ་མངར་མོ་བླུགས་པ་དང་ཞིམ་མངར་ལྡན་པའི་ཇ་བཏུང་གིན་ང་ཚོ་ཅི་འཕྲོས་མོལ་འཕྲོས་བྱེད་འགོ་ཚུགས།

གྲོང་ཚོའི་ལས་བྱེད་པ་དང་སྐལ་ཐར་གྱི་ས་ནས་ང་ཚོར་ཤེས་རྟོགས་བྱུང་བར། ལོ་འགའ་ཤས་གོང་སྐལ་ཐར་ནང་མི་ཚང་མ་མུན་པ་ནག་ལ་བཙོག་པའི་ཁང་པ་གོག་ཧྲུལ་ཞིག་ནང་འཚང་ཁ་ཤིག་ཤིག་གིས་རྟག་ཏུ་ན་ཚ་དང་། བཀྲེས་ལྟོགས། གྲང་ངར་བཅས་དང་འགྲོགས་ནས་སྡོད་དགོས་འཁེལ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་རྗེས། རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་གི་རོགས་སྐྱོར་འོག་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་4600ཙམ་ཟིན་ནས་ཁྱིམ་ཚང་གི་གཏོང་སྒོ་སྤྱིར་ན་འདང་གི་ཡོད། “དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན། ང་ཚོ་ནང་མི་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཁ་ནས་ཤོད་ཀྱིན་སེམས་ནང་དྲན་གྱི་ཡོད”ཅེས་སྐལ་ཐར་གྱིས་བཤད་བྱུང་།

ང་ཚོས་སྐལ་ཐར་གྱི་ཁྱིམ་ལ་ད་དུང་གང་ཞིག་མཁོ་མིན་སྐད་ཆ་འདྲི་སྐབས་སྐལ་ཐར་གྱིས། ད་ཆ་འཚོ་བར་དཀའ་ངལ་མི་འདུག རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དེ་འདྲ་ཡོད་དུས་ང་ཚོའི་འཚོ་བའང་ཇེ་ལེགས་སུ་འགྲོ་ངེས་རེད། ད་ཆ་ཕྲུ་གུ་གསུམ་པོས་སློབ་སྦྱོང་ཡག་པོ་བྱས་ཏེ་ཕྱིན་ཆད་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱས་ནས་ཏང་དང་སྲིད་གཞུང་གི་དྲིན་ལན་འཇལ་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་།


རྩོམ་སྒྲིག་པ།