ལྷ་སའི་བོད་ཀྱི་རིག་གནས་མྱོང་རོལ་བྱེད་སྒོས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

ཡོང་ཁུངས། སྤེལ་དུས 2019-06-14

ལྷ་སའི་བར་སྐོར་ཁྲོམ་གཞུང་གི“འདུ་ཤེས་ཨང་བདུན་པའི”བོད་ཆས་མྱོང་རོལ་ཁང་དུ་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་ནས་ཡོང་བའི་བློ་བཟང་སྒྲོལ་མས་རང་གི་དགའ་རོགས་ལ་བོད་ཆས་བདམས། འདི་ནི་ཁོང་ཚོ་བོད་དུ་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན་པས་དྲན་རྟེན་པར་ཞིག་རྒྱག་འདོད་ཆེན་པོ་ཡོད། “ས་ཆ་ཁག་གི་བོད་ཆས་ཀྱི་བཟོ་ལྟ་སྣ་ཚོགས་རེད་འདུག་པས་ང་རང་ཡུལ་འདིའི་བོད་ཆས་གྱོན་འདོད་འདུག”ཅེས་བློ་བཟང་སྒྲོལ་མས་བཤད།

ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ལྷ་སའི་བར་སྐོར་ཁྲོམ་གཞུང་དུ་མིས་ཁེངས་པ་དང་བོད་ཆས་མྱོང་རོལ་ཁང་དུ་ཡང་ཚོང་བྲིན་ཁ་རྒྱུག་པོ་ཡོད། མཛེས་བཟོ་ཁང་དུ་བོད་ཆས་མྱོང་རོལ་བྱེད་མཁན་གྱི་ཡུལ་སྐོར་བས་ཁེངས་ནས་འཁྲུག་ཆ་དོད་ལ་དྲོ་སྐྱིད་ལྡན་པ་ཞིག་འདུག མཛེས་བཟོ་བྱེད་མཁན་ཝུའུ་དབྱི་ཡིས་ཡུལ་སྐོར་བ་མང་བའི་དུས་སུ་ངས་ཟླ་བ་རེར་ཡུལ་སྐོར་བ་བརྒྱ་ལྷག་ཙམ་ལ་སྣེ་ལེན་ཞུ་བ་དང་མྱོང་རོལ་གྱི་རིན་གོང་ཡང་སྒོར་བརྒྱ་ལྷག་ཙམ་ནས་སྒོར་ཁྲི་ཡན་བར་རེད། ཡུལ་སྐོར་བ་ཚོས་བོད་ཆས་གྱོན་ནས་རྩྭ་ཐང་དང་བླ་མཚོ་སོགས་སུ་པར་རྒྱག་པར་བསྐྱོད་ན་འགྲིག་ཅེས་བཤད།

འདི་ལོ་ལོ་29ལ་སླེབས་པའི་ཀའོ་ཧྥུའུ་རུའེ་ནི་གྱོན་གོས་འཆར་འགོད་བྱེད་མཁན་ཞིག་དང་ཁོང་ནི་བོད་ཆས་མྱོང་རོལ་ཁང་དེའི་སྦྱིན་བདག་རེད། ཁོང་གིས་བར་སྐོར་དུ་བོད་ཆས་ཀྱི་ཚོང་བརྒྱབ་ནས་ལོ་3ལྷག་སོང་ཡོད། མིག་སྔར་ཚོང་ཁང་གི་བོད་ཆས་20%ཡན་ཁོང་གིས་འཆར་འགོད་བྱས་ཤིང་། ཁོང་གིས་སྲོལ་རྒྱུན་བོད་ཆས་ཀྱི་རྨང་གཞིའི་ཐོག་དར་སོ་ཆེ་བའི་བཟོ་ལྟ་བསྣན་ནས་རྒྱུ་ཆ་གསར་གཏོད་དང་། མ་གནས་ཆུང་དུ་གཏོང་བ། གྱོན་གོས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཡོད།

ད་ཕན་ལོ་ཤས་རིང་རིག་གནས་མྱོང་རོལ་ཡུལ་སྐོར་རང་རྒྱལ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱིན་ནས“སྙན་ངག”དང“རྒྱང་རིང”ཟུང་འབྲེལ་གྱིས་ཡུལ་སྐོར་བས་ཡུལ་སྐོར་དམིགས་སའི་ཁུལ་གྱི་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་སྔར་བས་ལེགས་པོས་ཚོར་ཐུབ་པ་བྱུང་ཡོད།

བར་སྐོར་ཁྲོམ་གཞུང་དུ་སྤོས་བཟོ་ཚོང་གི་ཚོང་ཁང་ཆུང་ཆུང་ཞིག་ཡོད། དེ་གའི་སྦྱིན་བདག་ཝང་ལགས་ཀྱིས་ཆ་སྙོམས་ཉིན་ལྟར་ཡུལ་སྐོར་བ་2ནས་4བར་སྤོས་བཟོ་བར་ཡོང་གི་འདུག མི་རེས་སྒོར་128སྤྲད་ཚེ་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྤོས་བཟོ་བ་དང་། བཟོས་ནས་བསིལ་སྐམ་བཏང་རྗེས་ཡུལ་སྐོར་བས་ལེན་པར་ཡོང་བའམ་ཡང་ན་སྦྱིན་བདག་ལ་དམིགས་གཏན་འཁེལ་བའི་ས་ཆར་སྦྲག་བསྐུར་བྱས་ནའང་འགྲིག་ཅེས་བཤད།

ཤང་ཀང་གི་ཡུལ་སྐོར་བ་ལི་ཡན་ཤིན་དང་ཝང་ཆི་དབུན་གྱིས་མྱོང་རོལ་གྱི་བརྒྱུད་རིམ་ལ་ཧ་ཅང་བློ་ཡིད་ཚིམ་པོ་བྱེད་པ་དང་། ཁོང་གཉིས་པོས་བཟོས་པའི་སྤོས་སྦྱིན་བདག་ལ་ཐུམ་རྒྱག་ཏུ་བཅུག་ནས་ཕ་ཡུལ་དུ་འཁྱེར་བའི་གྲ་སྒྲིག་བྱས། “དུས་རྒྱུན་སྤོས་ཉོ་གི་ཡོད། ད་ཐེངས་རང་ཉིད་ཀྱིས་བཟོས་པའི་སྤོས་ལ་ཚོར་སྣང་མི་འདྲ་བ་ཞིག་འདུག”ཅེས་ལི་ཡན་ཤིན་གྱིས་བཤད།

རྩོམ་སྒྲིག་པ།