ཀྲུང་གོའི་འཐུས་མིས།“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”མཐའ་འཁྱོངས་བྱས་ནས་ཕ་དབྱིའི་དབར་གྱི་གདོང་ཐུག་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་པ།

ཡོང་ཁུངས། སྤེལ་དུས 2019-05-28

ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་མ་ཁྲའོ་ཤུས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཛམ་གླིང་དབུས་ཤར་གྱི་དུས་བབ་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་བྱེད་སྐབས། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”མཐའ་འཁྱོངས་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས་ཀྱི་ཅ་ཧྲ་ས་ཁུལ་དང་ཅེ་རུས་ས་ལེམ་གྱི་ཛ་དྲག་དུས་བབ་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས། གདོང་ཐུག་དབང་གིས་མི་སྣ་ཤི་རྨས་བྱུང་བར་དོ་ཁུར་ཟབ་མོ་དང་བློ་ཕམ་ཆེན་པོ་བྱུང་། ཉིན་ཤས་གོང་དམག་མཚམས་འཇོག་པའི་གྲོས་མཐུན་བྱུང་བར་དགའ་བསུ་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅེབ་ཀྱིས་འདུམ་འགྲིག་གང་ཐུབ་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་རྒྱུ་ཡིན། ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཡིན་ཞེས་བརྗོད་པ་རེད།

ཁོང་གིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”མཐའ་འཁྱོངས་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་གདོང་ཐུག་གཞུང་དྲང་དང་ཡུན་རིང་ཐག་གཅོད་ཐུབ་པའི་བྱེད་ཐབས་འཚོལ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཨ་རབ་ཀྱི་ཞི་བའི་གྲོས་འགོ”དང“ས་ཆ་སྤྲད་དེ་ཞི་བདེ་ཡོང་རེ་བྱེད་པ”སོགས་ཀྱི་རྩ་དོན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་རྨང་གཞིར་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེ་རུས་ས་ལེམ་རྒྱལ་སར་བྱེད་པ། བདག་དབང་རྦད་དེ་དབང་བའི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་སྐྲུན་དགོས། གྲོས་འགོ་གསར་པ་གང་འདྲ་ཞིག་ཡིན་རུང་ཚང་མ་གོང་གསལ་གྱི་གཞི་རྩའི་རྒྱལ་སྤྱིའི་ཚད་གཞི་དང་མཐུན་དགོས། དེ་ལྟར་བྱས་ཚེ་གཞི་ནས་གཞུང་དྲང་དང་ཡུན་རིང་ཡིན་པ་དང་། གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དང་ལེན་བྱེད་སྲིད་ཅེས་བརྗོད།

རྩོམ་སྒྲིག་པ།