ཧྲུའུ་ཅིའི་ཁྱིམ་གྱི“རྫེའུ་ཚོས”

ཡོང་ཁུངས། སྤེལ་དུས 2019-05-13

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་ཞིག་ལ་དགེ་རྒན་ཡག་པོ་ཞིག་ཕྲད་ཚེ་མི་ཚེའི་ལམ་འགྲོ་ཡིན་པ་དང་། སློབ་གྲྭ་ཞིག་ལ་དགེ་རྒན་ཡག་པོ་ཞིག་ཡོད་ན་གཟི་བརྗིད་ཡིན་པ། མི་རིགས་ཤིག་ལ་དགེ་རྒན་བཟང་པོ་ཁག་དང་ཁག་ཟམ་མི་ཆད་པར་ཐོན་ན་མི་རིགས་ཀྱི་རེ་བ་རེད”ཅེས་གསུངས།

སློབ་འབྲིང་གི་དུས་སྐབས་ནི་མི་ཞིག་འཚར་ལོངས་ཡོང་བའི་དུས་མཚམས་གལ་ཆེན་ཞིག་ཡིན་པས་བསམ་བློ་དང་ཀུན་སྤྱོད་བཟང་པོ་འཇགས་པ་ནི་དེ་བས་འགག་རྩ་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ནས་ཡིན་པའི་སློབ་མ་བློ་བཟང་དགྲ་འདུལ་ནི་ལམ་འགྲོ་རྒྱུག་མཁན་ཞིག་རེད་ཟེར་དོན་ནི་ཁོང་འཚར་ལོངས་ཀྱི་བརྒྱུད་རིམ་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་གི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རྣམ་རྒྱལ་ཕྲད་པས་རེད།

2014ལོར་བློ་བཟང་དགྲ་འདུལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་དུ་ཚུད། ཁོ་ཚོའི་འཛིན་གྲྭར་སློབ་མ་35ཡོད་ཅིང་། དགེ་རྒན་དང་སློབ་གྲོགས་ཚོའི་མིག་ལམ་དུ་བློ་བཟང་དགྲ་འདུལ་ནི་སློབ་མ་འབྲིང་གྲས་ཤིག་རེད།

2017ལོའི་འབྲིང་རྒྱུགས་གོང་གི་ཉིན་ཞིག་བློ་བཟང་དགྲ་འདུལ་ཉལ་ཆས་ཁྱེར་ནས་སྐས་ལས་འབབ་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་སྐས་ཀ་ནས་ཟགས། སྨན་ཁང་དུ་བསྐྱལ་རྗེས་སྣ་ཁུག་ལ་འཚེམ་བུ་གསུམ་རྒྱག་དགོས་བྱུང་བ་དང་མིག་ཀྱང་སྦོས་ནས་ཧ་ལམ་བསྒྲིབས་པར་གྱུར་ཡོད། བསོད་ནམས་རྣམ་རྒྱལ་གྱིས་ཤེས་རྗེས་འཕྲལ་མར་སྨན་ཁང་དུ་ལྟ་བར་བསྐྱོད་པ་དང་བུ་དེའི་སྨན་ཡོན་སྒོར་3000ལྷག་ཙམ་སྤྲད་པ་རེད། སྨན་པས་བློ་བཟང་དགྲ་འདུལ་ལ་རྨ་ཁ་གསོ་རིང་རྨ་ཁར་གནོད་པའི་ཁ་ལག་ཟ་རྒྱུ་མེད། དེ་ལས་ལྡོག་ཚེ་རྨ་ཁ་མཆེད་ཀྱི་རེད་ཅེས་མངགས་བྱ་བྱས།

སློབ་གྲྭའི་ཟ་ཁང་གི་ཆ་རྐྱེན་ལ་ཚད་ཡོད་པས་བློ་བཟང་དགྲ་འདུལ་ལ་ལོགས་སུ་ཁ་ལག་བཟོ་ཐབས་བྲལ། བསོད་ནམས་རྣམ་རྒྱལ་གྱིས་བསམ་བློ་གང་ཡང་མ་བཏང་བར“འདི་ལས་སླ་པོ་རེད། རྗེས་སུ་བློ་བཟང་དགྲ་འདུལ་ངའི་ཁྱིམ་དུ་ལྟོ་དུས་གསུམ་ཟ་བར་ཡོང་ན་འགྲིག”ཅེས་བཤད།

བསོད་ནམས་རྣམ་རྒྱལ་གྱི་སྐད་ཆ་ཐོས་རྗེས་བློ་བཟང་དགྲ་འདུལ་ཁུ་སིམ་མེར་སྡོད་པ་ལས་ལན་རྒྱག་མ་ཕོད། བློ་བཟང་དགྲ་འདུལ་གྱིས“དེ་སྔ་ངས་ཧྲུའུ་ཅི་བསོད་ནམས་རྣམ་རྒྱལ་མཐོང་མྱོང་བ་དང་ཁོང་གི་གསུང་བཤད་ཉན་མྱོང་ཡོད། ཁོང་བྱམས་བརྩེ་ལྡན་ལ་རྫིག་ཉམས་དོད་པ་ཞིག་འདུག ཡིན་ནའང་ང་ཧྲུའུ་ཅིའི་ཁྱིམ་དུ་ཉིན་ལྟར་ཁ་ལག་ཟ་བར་བསྐྱོད་རྒྱུ་ཡོང་གི་རེད་བསམ་བསམ་མ་བྱུང”ཞེས་གསར་འགོད་པར་བཤད།

བསོད་ནམས་རྣམ་རྒྱལ་གྱིས་བློ་བཟང་དགྲ་འདུལ་ཡོང་མི་ཕོད་པ་ཤེས། ཉིན་ལྟར་ཞོགས་པ་བསོད་ནམས་རྣམ་རྒྱལ་གྱིས་བློ་བཟང་དགྲ་འདུལ་གྱི་ཉལ་ཁང་གི་འོག་ཏུ་སྒུག་པ་དང་ཉིན་དགུང་དང་དགོང་མོ་སློབ་ཚན་གྲོལ་རྗེས་ཆེད་མངགས་སློབ་ཁང་དུ་བློ་བཟང་དགྲ་འདུལ་འབོད་པར་འགྲོ་གི་ཡོད།

བསོད་ནམས་རྣམ་རྒྱལ་གྱི་བཟའ་ཟླ་བསོད་ནམས་ནི་བྲག་ཡིབ་ཆུས་སློབ་འབྲིང་གི་དགེ་རྒན་ཡིན་པ་དང་བྱམས་བརྩེ་ལྡན་པའི་ཨ་མ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་ཕྲུ་གུར་བྱམས་སྐྱོང་བྱེད་པ་ལྟར་བློ་བཟང་དགྲ་འདུལ་ལ་ལྟ་རྟོག་གང་ལེགས་བྱེད་ཀྱི་ཡོད། ཁོང་གིས་བློ་བཟང་དགྲ་འདུལ་ལ་ཁ་ལག་བཟོ་བ་མ་ཟད། སྨན་སོགས་དུས་ཐོག་ཏུ་སྤྲོད་ཀྱི་ཡོད། བློ་བཟང་དགྲ་འདུལ་གྱི་རྨ་ཁ་མགྱོགས་ཙམ་གསོ་ཆེད་བསོད་ནམས་རྣམ་རྒྱལ་གྱི་ནང་མི་ཚོས་སྐབས་རེ་ཅའོ་ཙེ་བཟོ་བ་དང་སྐབས་རེ་གདུ་ཤ་བཟོ་བ་སོགས་བྱས་ནས་འཚོ་བཅུད་གསོ་ཐབས་བྱེད་ཀྱི་ཡོད། ཁ་ལག་ཟས་ཚར་རྗེས་ཁོང་གཉིས་ཀྱིས་ངལ་གསོའང་མ་བརྒྱབ་པར་བློ་བཟང་དགྲ་འདུལ་ལ་སློབ་ཚན་གསབ་ཁྲིད་བྱེད་ཀྱི་ཡོད།

མི་རིང་བར་བསོད་ནམས་རྣམ་རྒྱལ་གྱིས་བློ་བཟང་དགྲ་འདུལ་ལ་ལྟོ་ཆས་ལོགས་སུ་བཟོ་གི་ཡོད་པ་རིམ་བཞིན་ཁྱབ་རྗེས་བློ་བཟང་དགྲ་འདུལ་གྱི་ཉལ་ཁང་གཅིག་པའི་སློབ་གྲོགས་ཚོས་ཡིད་སྨོན་ཆེན་པོས“ཁྱེད་རང་རླུང་རྟ་རྒྱུགས་ཤག ཧྲུའུ་ཅི་ལགས་ཀྱིས་ཀྱང་ལྟོ་ཆས་ལོགས་སུ་བཟོ་གི་ཡོད་པ་རེད”ཅེས་ཀུ་རེའི་ཚུལ་གྱིས་ཤོད་ཀྱི་ཡོད། ཡིན་ནའང་བློ་བཟང་དགྲ་འདུལ་དང་སློབ་གྲོགས་ཚོས་དགེ་རྒན་དང་སློབ་མ་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་ཧྲུའུ་ཅི་ལགས་ཀྱིས་རོགས་རམ་བྱེད་གང་ཐུབ་བྱེད་ཀྱི་ཡོད་པ་གསལ་པོ་ཤེས་ཀྱི་ཡོད།

བསོད་ནམས་རྣམ་རྒྱལ་དང་བསོད་ནམས་ཀྱི་ལྟ་རྟོག་ཞིབ་ཚགས་འོག་བློ་བཟང་དགྲ་འདུལ་གྱི་རྨ་ཁ་མགྱོགས་མྱུར་གསོས་ཤིང་། རྨ་ཁ་གསོ་རིང་བློ་བཟང་དགྲ་འདུལ་གྱི་སློབ་སྦྱོང་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་མེད་པའི་ཁར། དེ་སྔ་ལས་ཡག་ཏུ་ཕྱིན་ཏེ་འབྲིང་རྒྱུགས་ལ་བདེ་བླག་ངང་ཞུགས་ཤིང་། སྦྱངས་འབྲས་སྐར་མ་480བླངས་ནས་ཁོ་བའི་བསམ་འདུན་ལྟར་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོར་ཚུད་ཡོད།

ལོ་དེ་དག་ནང་བསོད་ནམས་རྣམ་རྒྱལ་གྱི་ཁྱིམ་དུ་ལྟོ་ཆས་ཟ་བ་དང་ཞག་སྡོད་བྱེད་མྱོང་མཁན་སློབ་མ་ཧ་ཅང་མང་པོ་ཡོད། ཁོ་ཚོའི་ཁྲོད་ཀྱི་ཁག་གཅིག་ནི་ཕ་མ་འཁྲིས་སུ་མེད་པས་ལྟ་རྟོག་བྱེད་མཁན་མེད་པ་དང་། ཁག་གཅིག་ནི་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ཧུར་ཐག་བྱས་ཏེ་མཐོ་རིམ་སློབ་འབྲིང་དེ་བས་ལེགས་པ་ཞིག་ཏུ་རྒྱུགས་འཕྲོད་པ་བྱ་ཆེད་ཡིན་པ། ཁག་གཅིག་ནི་འཚུབ་དྲགས་པའི་དབང་གིས་ཁྱིམ་དུ་བསམ་བློའི་སློབ་གསོ་རྒྱག་ཆེད་སྐད་བཏང་བ་བཅས་རེད། བསོད་ནམས་རྣམ་རྒྱལ་གྱི་གཟིམ་ཤག་ལ་སྨི་ངོས་གྲུ་70ཡང་མ་ཟིན་པའི་ཉལ་ཁང་གཉིས་དང་ཚོམས་ཆེན་གཅིག་ལས་མེད་པས་ཕྲུ་གུ་གཉིས་དང་བཟའ་ཟླ་བཅས་འཚང་ཁ་ཤིག་ཤིག་གིས་སྡོད་དགོས་ཀྱི་ཡོད། འོན་ཀྱང་ཁོ་ཚོས་དེ་གར“ཟ་ཁང་བཙུགས་པ”མ་ཟད། ད་དུང“མགྲོན་ཁང”ཡང་གཉེར་ནས་བྲག་ཡིབ་ཆུས་སློབ་འབྲིང་གི་སློབ་མ་ཚང་མའི་ཁྱིམ་གཞན་ཞིག་ཏུ་གྱུར་ཏེ་ཁོ་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་བར་རྒྱབ་སྐྱོར་དང་སྐུལ་ལྕག་ཐེབས་ཡོད།

བསོད་ནམས་རྣམ་རྒྱལ་ཚེ་ལས་འདས་པ་ཤེས་རྗེས་བློ་བཟང་དགྲ་འདུལ་གཅིག་པུ་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་ཡུན་རིང་ལངས་ནས་སེམས་སྡུག་གིས་མནར་ནས་ཉིན་ཁ་ཤས་ལྟོ་ཡི་དང་ག་ཡང་ཉམས།

བློ་བཟང་དགྲ་འདུལ་གྱིས“རྒན་བསོད་ནམས་རྣམ་རྒྱལ་ལགས་ཀྱི་བརྩེ་སེམས་དེ་ས་བོན་ཞིག་ལྟར་ང་ཚོའི་སེམས་སུ་མྱུ་གུ་འབུས་ཡོད། རྒན་ལགས་བཞུགས་སྐབས་སུ་ཞིག་ལ་དཀའ་ངལ་འཕྲད་རུང་། ཁོང་གིས་སྒེར་སེམས་སྤུ་ཙམ་ཡང་མེད་པར་རོགས་རམ་གནང་གི་ཡོད། ངས་རྗེས་སུ་རྒན་ལགས་དང་འདྲ་བར་རོགས་རམ་མཁོ་བའི་མིར་རོགས་རམ་བྱེད་ཀྱི་ཡིན”ཞེས་བཤད།


རྩོམ་སྒྲིག་པ།