ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2018ལོའི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ།

ཡོང་ཁུངས། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ། སྤེལ་དུས 2018-12-28 17:29:09

ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་2018ལོའི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། 《ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་དང་འབྲེལ་གཏུག་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་བསམ་འཆར》སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད། 

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལན་དང་། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། 

ཏིང་ཡེ་ཤན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་བོད་ལྗོངས་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་གིས་སྒྱུར་བཅོས་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་འགྱུར་བ་མི་གཏོང་བ་མཐའ་འཁྱོངས་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྤྱིའི་དམིགས་ཚད་ལ་འགྱུར་ལྡོག་མི་གཏོང་བར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་སྒྱུར་བཅོས་རིན་ཐང་གཉེར་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། གཉིས་ནས་བསམ་བློར་བཅིངས་འགྲོལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་འདོན་སྤེལ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཐད་ཀྱི་སྲིད་གྲོས་རྩ་འཛུགས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་དགོས་པ། གསུམ་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་དང་། གནད་དོན་ལ་དམིགས་ནས་འཚོལ་ཞིབ་གསར་གཏོད་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་ཐབས་འདོན་དང་སྲིད་དོན་སྐྱོང་རོགས་བྱེད་པར་དོ་ཁུར་བྱེད་དགོས་ཞེས་གསུངས། 

ཏིང་ཡེ་ཤན་གྱིས་སྲིད་གྲོས་ཏང་ཙུའུ་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ། དོན་དངོས་དང་ཟུང་འབྲེལ་དམ་ཟབ། སྲིད་གྲོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས། སྤྱི་ཡོངས་དང་མཉམ་འདྲེས་དང་། སྤྱི་ཡོངས་ལ་ཞབས་འདེགས། སྤྱི་ཡོངས་འགན་ལེན་བཅས་སུ་འགན་འཁྲི་གཙང་སྒྲུབ་ཀྱི་འགོ་འཛུགས་ས་དང་ཚད་བརྒལ་ཡོང་གཞི་འཚོལ་ཞིབ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ལས་དོན་ཁག་ལེགས་པར་སྒྲུབ་པར་གཞོགས་འདེགས་བྱེད་དགོས་ཞེས་གསུངས། 

ཏིང་ཡེ་ཤན་གྱིས་ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་དང་འབྲེལ་གཏུག་བྱེད་པ་ནི་ཨུ་ཡོན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་ཨུ་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་པས། ཏང་ཡོན་ཨུ་ཡོན་གྱིས་བསམ་བློ་ནས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མིག་དཔེ་དང་དཔེ་སྟོན་ཡག་པོ་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་ཤུགས་གཅིག་ཏུ་འདོན་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཡན་ལག་ཏང་ཙུའུ་ཁག་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་དང་ལས་ཁུངས་ཏང་ཙུའི་མཛུབ་ཁྲིད་རང་རྟོགས་ངང་དང་ལེན་བྱས་ཏེ་བོད་ཀྱི་སྲིད་གྲོས་བྱ་གཞག་གི་གསར་གཏོད་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

རྩོམ་སྒྲིག་པ། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།