༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་WADAསྙན་ཞུའི་ཐད་ནང་དོན་བདུན་འཁོད་པའི་གསལ་བསྒྲགས་སྤེལ་བ།

ཡོང་ཁུངས། སྙིང་ལྕགས སྤེལ་དུས 2016-11-01 12:02:19

    ཟླ་7ཚེས་19ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིས་(WADA)ཨུ་རུ་སུའི་ཤུགས་སྨན་དོན་རྐྱེན་དང་འབྲེལ་བའི“རང་ཚུགས་སྒེར་གྱི་སྙན་ཞུའི”ཐད་ནང་དོན་བདུན་འཁོད་པའི་གསལ་བསྒྲགས་སྤེལ་མོད། འོན་ཀྱང་ཨུ་རུ་སུ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་གཏན་འགོག་བྱེད་མིན་གྱི་གནད་དོན་ལ་ཐད་ཀར་ལན་བརྒྱབ་མེད།
      ཚེས་18ཉིན་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིས་སྒྲིག་གཞི་དེའི་རང་ཚུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁ་ན་ཏའི་རྒྱལ་སྤྱིའི་ལུས་རྩལ་གྱི་ཁྲིམས་རྩོད་པ་ལི་ཁྲ་ཏེ·མན་ཁེ་ལ་ལུན་གྱིས་ལེགས་སྒྲུབ་བྱས་པའི“རང་ཚུགས་སྒེར་གྱི་སྙན་ཞུ”ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུ་མཐུག་པོ་དེའི་ནང་ཨུ་རུ་སུའི་ལུས་རྩལ་སྡེ་ཚན་གྱིས་2014ལོའི་སོ་ཆི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དེ་བཞིན་ཨུ་རུ་སུར་སྤེལ་བའི་དེ་མིན་འགྲན་ཚོགས་ཆེན་པོའི་གཅིན་པ་བརྟག་དཔྱད་བྱ་བའི་ནང་ཞུགས་པ་དང་ཐེ་ཇུས་བྱས་པའི་སྐོར་བརྗོད་ཡོད། ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་སྔར་ན་མེད་པའི་བྱེད་ཐབས་སྤྱོད་རྒྱུར་བསམ་བློ་བཏང་སྟེ་ཨུ་རུ་སུ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་གཏན་འགོག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
    རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེས་གསལ་བསྒྲགས་ནང“སྙན་ཞུའི་ནང་ཐོན་པའི་གནས་ཚུལ་དེ་ནི་ལུས་རྩལ་གྱི་ཡིད་རྟོན་དང་ཨོ་རྩལ་འགྲན་ཚོགས་ཀྱི་ངོས་ནས་བརྗོད་ན་ཧང་སངས་དགོས་པའི་བྱ་བ་ཞིག་ཡིན་ལ་སྔར་ན་མེད་པའི་ཕོག་ཐུག་ཀྱང་ཕོག་ཡོད། དོན་དེ་དང་འབྲེལ་བའི་མི་དང་རྩ་འཛུགས་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བཀག་སྡོམ་གྱི་བྱེད་ཐབས་ནན་ཤོས་སྤྱོད་དགོས”ཞེས་བརྗོད་པ་དང་ནང་དོན་བདུན་འཁོད་པའི་གསལ་བསྒྲགས་དེ་དག་གཤམ་གསལ་སྟེ།
     1.《ཨོ་ལིམ་ཕིག་རྩ་ཁྲིམས་》དང་《ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་པའི་འཛམ་གླིང་གི་སྲོལ་ཡིག་》དང་འགལ་བའི་ཨུ་རུ་སུའི་ལུས་རྩལ་སྡེ་ཚན་གྱི་དཔོན་རིགས་དང་དེ་མིན་མི་གཞན་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཚེས་19ཉིན་ནས་བཟུང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་དང་།
    2.ཨུ་རུ་སུའི་ལུས་རྩལ་པ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་གནད་དོན་ཐད་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས“རང་ཚུགས་སྒེར་གྱི་སྙན་ཞུ”དེར་ཚོད་སྐོར་ཞིབ་ཕྲ་བྱ་རྒྱུ།
   3.དོན་དེའི་ཛ་དྲག་ཡིན་པར་གཞིགས་ནས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་གནས་སྐབས་བྱེད་ཐབས་སྤྱད་པ་སྟེ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུར་སྤེལ་བའི་ལུས་རྩལ་འགྲན་ཚོགས་སམ་ཡང་ན་ཚོགས་འདུ་གང་རུང་སྒྲིག་འཛུགས་སམ་ཡང་ན་དངུལ་བཏང་ནས་རོགས་རམ་མི་བྱ་རྒྱུ་དེའི་ནང་ཡོ་རོབ་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་2019ལོར་གཉེར་རྒྱུའི་ཡོ་རོབ་ལུས་རྩལ་འགྲན་ཚོགས་ཚུད་ཡོད། གནས་སྐབས་ཀྱི་བྱེད་ཐབས་དེ་དག་འདི་ལོའི་ཟླ་12ཚེས་31ཉིན་བར་མུ་མཐུད་ལག་བསྟར་བྱ་རྒྱུ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་འདི་ལོའི་ཟླ་བ་བཅུ་གཉིས་པར་འཚོག་རྒྱུའི་ཚོགས་འདུའི་ཐོག་སླར་ཡང་གནས་སྐབས་ཀྱི་བྱེད་ཐབས་དེར་ཚོད་སྐོར་བྱ་རྒྱུ།
   4.རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་འདི་ལོའི་ཟླ་བ་དྲུག་པར་ཨོ་ལིམ་ཕིག་དབུ་ཚོགས་ཐོག་བཏོན་པའི་ཨུ་རུ་སུའི་ལུས་རྩལ་པས་ངར་སྐྱེད་སྨན་བཏང་བའི་གནད་དོན་ཐད“ཉེས་མེད་འདེད་གཏན”མི་སྤྱོད་རྒྱུའི་རྩ་དོན་བསྐྱར་བསྒྲགས་དང་འབྲེལ་རྒྱབ་སྐྱོར་བྱ་རྒྱུ།
   5.རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཤུགས་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིས་ངར་སྐྱེད་སྨན་གྱི་གནད་དོན་དང་འབྲེལ་བའི་ཨུ་རུ་སུའི་ལུས་རྩལ་པའི་མིང་ཐོ་རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་སྐྱེལ་དགོས་པ་དང་འབྲེལ་འོས་འཚམ་སྐབས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལ་ཞུས་ཏེ་མགྱོགས་མྱུར་བྱ་སྤྱོད་སྤེལ་རྒྱུའི་བླང་བྱ་འདོན་རྒྱུ།
   6.རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཡིན་པར་དམིགས་ནས། ཨུ་རུ་སུའི་ལུས་རྩལ་སྡེ་ཚན་དང་དེའི་ཁོངས་གཏོགས་སྒྲིག་གཞིས་དོ་དམ་ཁྱབ་ཁོངས་ལས་བརྒལ་བ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་བྱས་འབྲས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིར་བརྩིས་སྤྲད་ནས་སྔར་བས་བྱ་ཐབས་སྤྱོད་རྒྱུ།
   7.རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་སྙན་ཞུའི་ནང་མངོན་པའི་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་ཞན་ཆར་དོ་ཁུར་ཟབ་མོ་བྱས་ཤིང་། དེར་བརྟེན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཟླ་བ་དྲུག་པའི་ཨོ་ལིམ་ཕིག་དབུ་ཚོགས་ཐོག་བཏོན་པའི་རེ་འབོད་བསྐྱར་བསྒྲགས་བྱས་པ་དང་འབྲེལ་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་མཁན་འཛམ་གླིང་སྒྲིག་གཞིས་2017ལོར་དམིགས་བསལ་ཚོགས་འདུ་འཚོག་རྒྱུ་དང་ངར་སྐྱེད་སྨན་ལ་ངོ་རྒོལ་བྱེད་པའི་མ་ལག་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱ་རྒྱུའི་རེ་བ་བཏོན་པ་བཅས་རེད།

རྩོམ་སྒྲིག་པ། སྙིང་ལྕགས