བློ་རྩ་བརྟན་ལ་སྙིང་རུས་ཆེན་པོ་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ།

ཡོང་ཁུངས། སྤེལ་དུས 2019-01-31

སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་འཇོག་མི་རུང་། 2018ལོར་ཀྲུང་དབྱང་སྒྲིག་ཨུད་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ཤུགས་ཚད་དང་ངར་ཤུགས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་བསྐྱེད་བཏང་བས་ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་སྲོལ་ཐད་རྣམ་པ་གསར་པ་མངོན་པ་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད་པ་རེད།

རྣམ་ཀུན་ནས་དམ་འཛིན་དང་ལྟག་ལོག་རྒྱག་རྒྱུ་བཀག་འགོག་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ།

སྤྱོད་བཟང་སྒྲིག་ནན་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་མིང་བཏོན་ནས་བརྡ་ཁྱབ་བཏང་སྟེ་དམར་འདོན་བྱས་པ་ནི། འདས་ཟིན་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་མཚམས་མི་འཇོག་པ་དང་ཕྱིར་བཤོལ་སྤུ་ཙམ་ཡང་མེད་པའི་སྒོ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་གཏིང་ཟབ་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཚེ་སུ་ཞིག་དང་གོ་གནས་མཐོ་དམན་ཇི་ཙམ་ཡིན་རུང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་པའི་དཔེ་མཚོན་གྱོད་དཔེ་ཡིན་ཕྱིན་ཚང་མ་མིང་བཏོན་ནས་བརྡ་ཁྱབ་བཏང་སྟེ་དམར་འདོན་བྱས་པ་རེད། 2018ལོར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཐེངས་107དང་མི་147བརྡ་ཁྱབ་བཏང་ནས་དམར་འདོན་བྱས་པ་རེད། ལྗོངས་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་138དང་མི་187ཞིབ་བཤེར་རྩད་གཅོད་བྱས་ནས་མི་112ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

མངོན་གསལ་དོད་པའི་གནད་དོན་རེ་རེར་དམིགས་ནས་ཐབས་མང་མཉམ་སྤྱོད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱས་པ།

རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྔ་རྗེས་སུ་ཁག་གཉིས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་ཚོགས་ཆུང་17བཏང་ནས་གྲོང་ཁྱེར(ས་ཁུལ)7དང་། ལྗོངས་ཐད་གཏོགས་ཚན་པ་64གྲོང་ཁྱེར(ས་ཁུལ)ཐད་གཏོགས་ཚན་པ་82རྫོང(ཆུས)47བཅས་སུ་དངོས་སྡོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ཤེས་རྟོགས་ཐུབ་པའི་གནད་དོན་394གསེད་བཀྲོལ་བྱས་པ་དང་། གནད་དོན་ཡོད་པའི་ཁུངས་སྣེ་ཁག་96རྩིས་སྤྲོད་བྱས་པ་རེད།

རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཏང་ཡོན་དང་ལས་བྱེད་པ་རྒྱན་འགྱེད་དམ་ཡང་ན་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་པར་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་དང་གཏིང་ཟབ་སྤེལ་བ་དང་། སྤྱི་བདེ་ལས་ཁུངས་དང་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་ཤེས་རྟོགས་གང་ཐུབ་བྱས་ཤིང་། ཡ་མེད་སྒྲིག་འགལ་བྱས་རིགས་ཐག་གཅོད་ནན་པོ་བྱས་པ་རེད། 2018ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཡོན་དང་ལས་བྱེད་པས་རྒྱན་པོ་འགྱེད་པ་དང་རྒྱན་འགྱེད་དང་འབྲེལ་བའི་གནད་དོན་ཁག་70དང་མི་100ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་མི་67ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པས་ཟིལ་གྱིས་གནོན་པའི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།

དངོས་འཛིན་བཙན་ཐབས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ནན་པོ་བྱས་པ།

2018ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ་ཁྱོན་905ཐག་གཅོད་བྱས་པ་དང་། གནད་དོན་ཁག་195གྱོད་དོན་ཐོ་བཀོད་ནས། མི་202ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ་དང་མི་201ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་འགན་འཛོལ་དང་འགན་འཁྲི་ཤོར་བའི་མི་222དང་ཚན་པ་28ལ་འགན་འཁྲི་བདའ་འདེད་ཚ་ནན་བྱས་ཏེ་སྒྲིག་ཁྲིམས་དམ་དྲང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་པ་རེད།

 

རྩོམ་སྒྲིག་པ།