ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། སྤེལ་དུས 2019-04-28

 2018ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་བཅས་སྤྱི་ཚོགས་ཀྱི་བྱ་གཞག་ཆེན་པོ་གསུམ་གྱི་རྨང་གཞི་ཅུང་ཞན་པའི་དོན་དངོས་ལ་དམིགས་ནས“དར་རྒྱས་ཀྱི་འཆར་གཞི་གསུམ”ལག་ལེན་བསྟར་འགོ་ཚུགས་ཏེ་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

སློབ་གསོའི་རྨང་གཞི་དར་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ལེགས་སུ་ཤུགས་ཆེན་བཏང་བ། འོས་འགན་སློབ་གསོའི་སློབ་གྲྭ་8གསར་བཙུགས་དང་ཚད་ལྡན་ཅན་གྱི་སློབ་གྲྭ་142བསྐྲུན་པ་དང་། རི་བོ་ཆེ་དང་ལྷོ་རོང་རྫོང་2ཀྱི་བྱང་ཚད་སློབ་གསོར་རང་སྐྱོང་ལྗོངས་ཀྱི་རྩིས་ལེན་བྱུང་བ་དང་། སྟེང་ཆེན་རྫོང་དང་། བྲག་གཡབ་རྫོང་། ཁ་རུབ་ཆུས་བཅས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་བཏང་བར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱུང་བ། སློབ་གྲྭ་18དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་25ཡི་དབར་གཅེན་གཅུང་སློབ་གྲྭའི་འབྲེལ་བ་བཙུགས་པ། “སྐད་གཉིས”སློབ་གསོ་ཁྱོན་ཡོངས་ལ་ཁྱབ་གདལ་བྱུང་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་པ་དང་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་གྲངས་4ནས་8བར་མཐོ་རུ་ཕྱིན་ཡོད།

སྨན་བཅོས་རྨང་གཞི་དར་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ནས་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་ཤུགས་ཆེན་བཏང་བ། གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་གསུམ”གྱི་སྨན་ཁང་དུ་བདེ་བླག་ངང་བཏོད་པ་དང་། སྨར་ཁམས་དང་རི་བོ་ཆེ་རྫོང་2ཀྱི་མི་དམངས་སྨན་ཁང“ཀ་པ་རིམ་གཉིས”སྨན་ཁང་དུ་བཏོད་པ། གྲོང་ཁྱེར་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་དང་དེ་བཞིན་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་སྐྲུན་ཟིན་པ།

རིག་གནས་འཕེལ་རྒྱས་དང་དར་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་བ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཐོན་ཁུངས་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་རལ་པའི་འཁྲབ་སྟོན་སྐབས་དང་པོ་དང་རལ་པའི་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་13རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་4མང་དུ་ཕྱིན་ཡོད།


རྩོམ་སྒྲིག་པ།