ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་དང་རིན་པ་གཅོག་པའི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་པས་ཁྲོམ་རའི་སེམས་ཤུགས་འཕེལ་བ་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ།

ཡོང་ཁུངས། སྤེལ་དུས 2019-01-28

        རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་དང་རིན་པ་གཅོག་པའི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་ནས། ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དངོས་ལ་འགན་ལེན་བྱེད་པ་དང་། ཁྲོམ་རའི་སེམས་ཤུགས་འཕེལ་བ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད།

        རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སིའི་འགན་འཁུར་བས་ངོ་སྤྲོད་གནང་བར། བཏོན་ཟིན་པའི་ཁེ་ལས་ཆུང་གྲས་ཀྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཉུང་གཏོང་སོགས་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་པའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་དངུལ་དམའ་རུ་གཏོང་བ་སོགས་ཀྱི་ལག་བསྟར་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་གང་མགྱོགས་ཞིབ་འཇུག་བྱ་རྒྱུ་དང་། ས་གནས་ཁག་གི་ཁྲལ་དོན་ལས་ཁུངས་ཀྱིས་ས་གནས་དེ་གའི་ནོར་སྲིད་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱིས་ཚད་གཞི་བརྒྱ་ཆ་ལྔ་བཅུའི་ནང་འབྲེལ་ཡོད་ས་གནས་ཁྲལ་རིགས་དང་ཟུར་སྣོན་ཉུང་བསྡུའི་སྲིད་ཇུས་ཇུས་གཞིར་ཞིབ་འཇུག་བྱ་རྒྱུ། བླང་བྱ་ལྟར་ཡིག་ཆ་འདོན་པ་དང་རྗེས་མཐུད་དོན་འཁྱོལ་ཡག་པོ་ཡོང་རྒྱུར་དམ་འཛིན་བྱེད་དགོས་པ་དང་། དུས་མཚུངས་སུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཁྲལ་དང་རིན་པ་གཅོག་པའི་སྲིད་ཇུས་བྱ་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།

        རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱི་ཡོང་འབབ་འཆར་འགོད་རྩིས་རྒྱག་སིའི་སི་ཀྲང་ཚའེ་ཙེ་ལིས། ཁྲལ་དང་རིན་པ་གཅོག་པ་དེ་དུས་ཐུང་ནས་བལྟས་ཚེ། སྲིད་གཞུང་གི་སྐབས་དེ་དུས་ཀྱི་ཡོང་འབབ་ཉུང་དུ་འགྲོ་གི་ཡོད། འོན་ཀྱང་ཡུན་རིང་ནས་བལྟས་ཚེ། ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཆེད་མངག་ཁེ་ལས་ཆུང་གྲས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ཏེ། གཅིག་སྡུད་ཐོག་ཁེ་ལས་ཆུང་འབྲིང་གི་ཁྲལ་དོན་རེ་ཞུ་བདག་གཉེར་དང་མཐུན་སྦྱོར་ཐག་གཅོད་བྱ་རྒྱུའི་འགན་འཁུར་གྱི་ཡོད། བརྡ་ཐོའི་ནང་། ཞིང་ཆེན་ཁག་གི་ཁྲལ་དོན་ལས་ཁུངས་ཀྱིས་ཆེད་དོན་སྡེ་ཁག་གཏན་འཁེལ་བྱེད་པ་དང་། ཆེད་མངག་མི་སྣ་བཀོད་སྒྲིག་བྱས་ཏེ་ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་ལས་ཀའི་འགན་འཁུར་རྒྱུ་ཡིན་པ་རེད། སྤྱི་ལོ་༢༠༡༩ལོའི་ལོ་སྟོད་དུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཁེ་ལས་ཆུང་གྲས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་ཉུང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་གནས་ཚུལ་གཙོ་གནད་ཐོག་བཞག་སྟེ་ཁྲལ་དང་རིན་པ་གཅོག་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


རྩོམ་སྒྲིག་པ།