བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

ཡོང་ཁུངས། སྤེལ་དུས 2019-03-13

ཟླ་3ཚེས་11ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་ཤིང་། བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་ནང་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གནད་དོན་ཐད་གྲོས་མོལ་ཇུས་འདོན་བྱས་པ་དང་རིགས་ཁོངས་ཁག་གཅིག་གིས་རིགས་ཁོངས་ཁག་གི་གྲོས་མོལ་ཚོགས་འདུའང་འཚོགས་པ་རེད།

བསྟན་ཁོ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་སོ་སོར་ཞུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མས་ལོ་རྒྱུས་དང་རང་བྱུང་ཁོར་ཡུག་གིས་རྐྱེན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཙམ་ཡོད་པ་དང་བུ་ལོན་མང་ཙམ་ཟུག་ཡོད། དེས་ན་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲང་ངར་ཆེ་ལ་ས་བབ་མཐོ་བའི་ཁུལ་གྱི་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་ལས་གྲྭ གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་དང་བཙོག་ཆུ་ཕྱིར་འབུད་ལས་གྲྭ་འཛུགས་སྐྲུན། མཐའ་མཚམས་མི་སེར་གྱི་སྡོད་ཁང་འགན་ལེན་སོགས་ཀྱི་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུན་མཛའ་ཆོས་དབང་གིས“རང་ཉིད་གནས་ཡུལ་གྱི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལ་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་གནད་སྨིན་དབུལ་སྒྲོལ་ཐུབ་ནས་མི་རིགས་ཁག་གི་མི་དམངས་ཀྱིས་དགའ་སྤྲོ་ཚད་མེད་བྱེད་ཀྱི་ཡོད། འདི་ལོ་ང་ཚོས་དབུལ་སྒྲོལ་རྗེས་ཀྱི་གྲུབ་འབྲས་སྲ་བརྟན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ་ཡིན། མི་རིགས་ཀྱི་ས་ཁུལ་དབུལ་པོའི་རོགས་སྐྱོར་སྲིད་ཇུས་དུས་ཚོད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ས་ཁུལ་གྱི་སློབ་གསོའི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད” 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་གྱིས་བོད་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་བརྗོད་ན། ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་བའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་རང་ཉིད་སྡོད་སའི་བོད་ལྗོངས་མངའ་རིས་ས་ཁུལ་ས་ཐག་རིང་པོ་ཡོད་ལ་འགྲིམ་འགྲུལ་འཛུགས་སྐྲུན་རྗེས་ལུས་ཡིན་པའི་རྐྱེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཇུར་མིག་གི་ཚོད་འཛིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། G4218མངའ་རིས་དུམ་བུའི་མྱུར་བགྲོད་གཞུང་ལམ་སྔ་ཙམ་སྐྲུན་འགོ་བཙུགས་ཏེ་སྤུ་ཧྲེང་འགག་སྒོའི་རྒྱལ་སྤྱིའི་རང་བཞིན་གྱི་ནུས་པ་མགྱོགས་མྱུར་སླར་གསོ་བྱས་ནས་སྤུ་ཧྲེང་འགག་སྒོ་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།


རྩོམ་སྒྲིག་པ།