​ དགའ་སྤྲོའི་ངང་ནས་སྡོད་ཁང་གསར་པར་སྤོས།

སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གནས་སྤོའི་སྐོར་གྱི་ཟུར་བྲིས།

ཡོང་ཁུངས། སྤེལ་དུས 2019-12-11

688342_yis_1575953845856_s.jpg

འདི་ནི་སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་མང་ཚོགས་ཚོས་ཁང་པ་གསར་པར་སྤོ་བཞིན་པ།

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་སྟག་ལུང་གྲོང་རྡལ་ཡར་འབྲོག་གཡུ་མཚོའི་ལྷོ་ནུབ་ངོགས་སུ་ཆགས་ཡོད། དགུན་དུས་སུ་སྟག་ལུང་གྲོང་རྡལ་དུ་ཉི་འོད་རབ་ཏུ་འཕྲོ་བ་དང་། གངས་རི་མཐོན་པོ་དང་དགུང་སྔོན་གཅིག་ལ་གཅིག་འགྲན་ལྟར་སྣང་། ཉེ་ཆར། སྟག་ལུང་གྲོང་རྡལ་གྱི་དུད་ཚང་166གི་གྲོང་མིས་སྡོད་ཁང་གསར་པར་སྤོ་བའི་ཉི་མོ་བསུས་པ་རེད། དེ་ཉིན་སྔ་དྲོ། སྟག་ལུང་རིག་གནས་ཐང་ཆེན་དུ་བརྗིད་ཆེའི་རྒྱལ་གླུའི་སྒྲའི་ཁྲོད་དུ་སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གནས་སྤོའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།

བྱེད་སྒོ་སྤེལ་རིང་སྟག་ལུང་གྲོང་རྡལ་མཉན་མགོ་དང་རོང་དཀར་སོགས་གྲོང་ལྷན་6གི་གནས་སྤོས་དུད་ཚང་ལ་ཁང་པ་གསར་པའི་ལྡེ་མིག་རག་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྔོན་ཐོན་ཚན་པ་དང་ཞིང་དུད་ལ་གཟེངས་བསྟོད་སྤྲད་པ། སྣ་དཀར་རྩེ་རྫོང་སྒྱུ་རྩལ་ཚོགས་པས་གཟིགས་མོ་བ་ཚོར་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། མཛད་སྒོ་འཚོག་སར་འཁྲུག་ཆ་དོད་ལ་ལྟད་མོ་བའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག

གནས་སྤོའི་མཛད་སྒོ་མཇུག་འགྲིལ་རྗེས། གྲོང་མི་ཚོས་ངང་སྒུག་བྱེད་ལོང་མེད་པར་ཐོ་ཕྲུག་དང་ཟོག་འདྲེན་རླངས་འཁོར་ནང་གྱོན་གོས་དང་། འཛིན་ཆས། ཁྱིམ་སྤྱོད་གློག་ཆས་སོགས་བྱུར་བུར་བླུགས་ནས་ཁང་པ་གསར་པའི་ཕྱོགས་སུ་རྡོག་ཐོན་བྱས།

གནས་སྤོའི་དུད་ཚང་ཕུར་བུ་ཚེ་རིང་གིས་དགའ་བའི་འཛུམ་མདངས་འཕྱུར་བཞིན“ང་ཚོས་ཁང་པ་གསར་པའི་ནང་སྤོ་རྒྱུའི་རེ་སྒུག་སྔ་ས་ནས་བྱས་པ་ཡིན། དེ་རིང་གཞི་ནས་ལྡེ་མིག་རག་བྱུང་། སླད་ཕྱིན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡིན”ཞེས་བཤད།

མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་ནི་མཐའ་མཚམས་བརྟན་སྲུང་དང་མཐའ་དར་དམངས་ཕྱུག་གི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་6.43བཏང་ནས་ཕུ་མ་བྱང་ཐང་ཤང་དང་སྟག་ལུང་གྲོང་རྡལ་གཉིས་ཀྱི་གྲོང་ཚོ(གྲོང་ལྷན)17ལ་དམིགས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འདུ་འགོད་ལག་ལེན་བསྟར་བས། དུད་ཚང་1509ཡི་མི་6178ལ་ཕན་པ་ཐོབ་ཡོད། མིག་སྔར་ཕུ་མ་བྱང་ཐང་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པ་དང་གནས་སྤོས་བྱེད་ཚད་100%ཟིན་ཡོད། སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་དུས་བཀག་དང་པོའི་འདུ་འགོད་དེ་ཤང་དང་གྲོང་རྡལ་གནས་སའི་གྲོང་ཚོ་ཨུ་ལྷན་6དང་འབྲེལ་བ་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་ཡོད། ལས་གྲྭའི་གྲས་སུ་དུད་ཚང་166ལ་ཁང་པ་གསར་པ་བསྐྲུན་པ་དང་། དུད་ཚང་300ཡི་ཕྱིའི་བཟོ་བཀོད་ལེགས་སུ་གཏོང་བ་དང་དེ་བཞིན་གྲོང་ལྷན་གྱི་གཞུང་དོན་ཁང་པ་དང་། བཙོག་ཆུ་འབུད་ས། གྲོང་ཚོའི་གཞུང་ལམ། སྔོ་ལྗང་འཛུགས་སྐྲུན་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་དུས་མཉམ་དུ་བསྐྲུན་རྒྱུ་སོགས་ཚུད་ཡོད། ད་དུང་གསར་དུ་བསྐྲུན་པའི་ཁང་པ་དེ་དག་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་30ལས་མི་དམའ་བའི་ཚད་གཞི་གཞིར་བཟུང་། ཁང་པའི་བཟོ་དབྱིབས་མི་འདྲ་བ་ལྔ་བསྐྲུན་ནས་ཁྱིམ་ཚང་གི་ནང་མི་མང་ཉུང་གི་དགོས་མཁོར་བསྟུན་ཡོད།

ཁང་པ་གསར་པར་སླེབས་རྗེས་གྲོང་མི་ཚོས་ལྷན་དུ་འཛོམས་ནས་ཕྱེ་མར་བཀྱག་རེས་དང་། ཁ་བཏགས་གཡོག་རེས། ཆང་འདེགས་རེས། མཉམ་དུ་ཞལ་ཏོག་ཟ་བ་བཅས་བྱས་ཏེ་འཚོ་བའི་འཕོ་འགྱུར་དང་སླད་ཕྱིན་གྱི་འཚོ་བ་སྐྱིད་པོ་གླེང་ནས་བསྡད།

“དེ་སྔ་ང་ཚོ་ནང་མི་10སྨི་ངོས་གྲུ་100ཙམ་གྱི་ཁང་པའི་ནང་སྡོད་དགོས་པ་མ་ཟད། སྟེང་ལ་མི་སྡོད་པ་དང་ཤོད་ལ་སྒོ་ཕྱུགས་འཇུག་གི་ཡོད་པས་ཆ་རྐྱེན་ཧ་ཅང་ཞན་ལ་གཙང་སྦྲ་ཡང་ཡག་པོ་མེད། ད་ཆ་ང་ཚོ་ནང་མི་བཞི་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་ཁང་གསར་ནང་སྡོད་རྒྱུ་བྱུང་བ་མ་ཟད། མི་ཕྱུགས་ལོགས་སུ་དབྱེ་ཡོད་པ་དང་། ད་དུང་སྒོ་ར་ཡོད་པས་གཙང་ལ་དཀར་ཆ་དོད་པོ་ཡོད”ཅེས་རོང་དཀར་གྲོང་ལྷན་གྱི་གནས་སྤོའི་དུད་ཚང་གི་གྲོང་མི་བསྟན་པ་རབ་རྒྱས་ཀྱིས་བཤད་པ་དང་། ཁོང་གིས“ད་ཆ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་གཏན་ནས་མེད་པས། སླད་ཕྱིན་ངས་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུ་ཡིན”ཞེས་བཤད་པ་རེད།

དྲོད་འཇམ་ཉི་འོད་འོག་ཁང་པ་གསར་པར་སྤོ་བའི་གྲོང་མིའི་དགོད་སྒྲ་ཡང་ནས་ཡང་དུ་གྲགས་འོང་བ་དང་། སྟག་ལུང་རིག་གནས་ཐང་ཆེན་དུ་བསྐྲུན་པའི་རྔམ་བརྗིད་ལྡན་པའི་སྟག་གི་འཇིམ་བརྙན་དེ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་མཐོའི་འབྱོར་འབྲིང་གྲོང་ཚོར་འགྲན་པ་ལྟར་སྣང།


རྩོམ་སྒྲིག་པ།