ཀྲུང་གོའི་འཐུས་མིས་འབོད་སྐུལ་བྱས་དོན།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས།

ཡོང་ཁུངས། སྤེལ་དུས 2019-12-16

ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ལ《ཝི་ཨེན་ནའི་བྱ་སྤྱོད་རྩ་གནད》དོན་འཁྱོལ་བྱ་རྒྱུར་མུ་མཐུད་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པས་རིམ་པ་མཐོ་བའི་ཚོགས་འདུ་འཚོགས་པ་ནི་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་སྲིང་འཕེལ་རྒྱས་མགྱོགས་སུ་གཏོང་བའི《ཝི་ཨེན་ནའི་བྱ་སྤྱོད་རྩ་གནད》ལ་དུས་འབྲིང་གི་གྲོས་ཞིབ་བྱ་ཆེད་ཡིན་པ་དང་། ཝུའུ་ཧའེ་ཐའོ་ཡིས་ཚོགས་འདུའི་ཐོག་རྩ་གནད་ལག་བསྟར་བྱས་ཏེ་ལོ་5སོང་ཚུན་གྲུབ་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་འཕེལ་རིམ་སྔར་བཞིན་དོ་སྙོམས་བྱུང་མེད་ཅེས་བརྗོད་པ་རེད།

ཁོང་གིས་བཏོན་དོན། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། ལྷོ་བྱང་མཉམ་ལས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་མུ་མཐུད་མཐའ་འཁྱོངས་ཀྱིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོར་དམ་བཅའ་ཧུར་ཐག་སྒྲུབ་དགོས་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་མཉམ་ལས་ཧུར་ཐག་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་སྲིང་འཕེལ་རྒྱས་འགྲོ་བར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་བསྐྲུན་ཏེ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པ། 《ཚོང་དོན་སྟབས་བདེ་ཅན་གྱི་གྲོས་ཆོད》དོན་འཁྱོལ་བྱེད་པ། སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་ལེགས་པའི་སྒོ་ནས་རྒྱལ་སྤྱིའི་ཚོང་དོན་མ་ལག་ནང་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་བཅས་བྱེད་དགོས།

ཁོང་གིས་ནན་བཤད་བྱས་དོན། བྱ་སྤྱོད་ལ་བརྟེན་ནས《ཝི་ཨེན་ནའི་བྱ་སྤྱོད་རྩ་གནད》དོན་འཁྱོལ་བྱས་ཏེ་གོ་ལ་ཧྲིལ་པོའི་མཉམ་འབྲེལ་འབྲེལ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ“བྱ་སྤྱོད་སྔོན་ལ་སྤེལ་བ”དང་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལམ་འཁེལ་རྒྱལ་ཁབ་དབར་གྱི་མཉམ་འབྲེལ་འབྲེལ་མཐུད་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱར་ཤུགས་སྣོན་བརྒྱབ་ནས་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ས་ཁམས་གནས་བབ་ཀྱི་བཀག་རྒྱ་ཁྱད་བསད་བྱེད་རོགས་བྱེད་པ་དང་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ས་ཁོངས་དང་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ཁྲོད་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ཐོག་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཧའེ་ཐའོ་ཡིས། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་ནས་ད་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྒྲིག་བཀོད་དང་། ཚོང་དོན། གྲངས་འཛིན། ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་སྒོ་དབྱེ་དང་། གཉིས་ཕན། གཉིས་ཁེ། འདྲ་མཉམ་བཅས་ཀྱི་མཉམ་ལས་བར་མཐོངས་བཏོད་དེ་ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།


རྩོམ་སྒྲིག་པ།