ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཡོང་ཁུངས། སྤེལ་དུས 2018-12-14 16:17:30

 ཟླ་12ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་ཐོབ་ཁྲལ་ཐད་གཟིགས་སྐྱོང་བྱས་ནས་ལས་གཏོད་མ་འཇོག་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་སྟེ་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་རིམ་འཕར་ལ་སྐུལ་མ་མགྱོགས་པོ་བཏང་ནས་གྲོང་གསེབ་དར་རྒྱས་དང“ཞིང་གསུམ”འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ། 2018ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་དཔྱད་ཞིབ་བྱས་འབྲས་ལ་གྲོས་འཆམ་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་འཕྲུལ་སྒྲིག་ཆས་རིམ་འཕར་མགྱོགས་སུ་གཏོང་རྒྱུ་དེ་ཞིང་ལས་དེང་རབས་ཅན་དང་ཞིང་པར་འབབ་འཕར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས་རྒྱལ་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད། རྣམ་པ་མང་ཞིང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་དགོས་མཁོ་འཕེལ་རྒྱས་བཏང་ནས་ཞིང་པའི་འདོད་འདུན་ལ་བརྩི་འཇོག་དང་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་དང་གཞི་རིམ་གྱི་གསར་གཏོད་རང་བཞིན་འདོན་སྤེལ་གྱིས་ཡུལ་བབ་དང་བསྟུན་ནས་རིམ་པ་ཡོད་པའི་སྒོ་ནས་སྐུལ་མ་གཏོང་དགོས། གཅིག་ནས་ཆུ་འབྲས་དང་། གྲོ མ་རྨོས་ལོ་ཏོག ཞོག་ཁོག པད་ཁ། སྲིང་བལ། བུར་ཤིང་སོགས་ཞིང་ལས་ལོ་ཏོག་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་བརྔ་བསྡུ་བྱེད་ཚད་གོང་མཐོར་གཏོང་རྒྱུ། ས་ཞིང་གཏིང་རྨོད་དང་འཕྲུལ་འདེབས་འཕྲུལ་བསྡུ་སོགས་བྱེད་སྐབས་གཏན་འབེབས་ལ་གཞིགས་ནས་ཁ་གསབ་སྤྲོད་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཞིང་འཕྲུལ་ཐོན་ཟོག་ཉོ་སྐབས་ཕྱོགས་རིས་མེད་པའི་སྒོ་ནས་དངུལ་རྩའི་སྒྲིག་གཞིར་གཏའ་འཇོག་དངུལ་བུན་གཏོང་རྒྱུའི་ལྕག་སྐུལ་གཏོང་བ་དང་ས་གནས་ཀྱིས་སྐྱེད་གསབ་རྒྱབ་སྐྱོར་བྱ་རྒྱུར་ལྕག་སྐུལ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་ས་གནས་སུ་ཞིང་ལས་ལོ་ཏོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་སྔོན་དུ་འཕྲུལ་ཆས་ཅན་ལ་རྩ་བའི་ཆར་འགྱུར་རྒྱུར་ཁྲིད་སྟོན་བྱ་རྒྱུ། གཉིས་ནས་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་དང་ལག་རྩལ་ཁྱབ་གདལ་གཏོང་རྒྱུ། མང་ཉུང་རན་པོ་འདེབས་འཛུགས་དང་། ཕན་ནུས་ཐོན་པའི་ངང་ལུད་རྒྱག་པ། གནད་འཁེལ་ངང་སྨན་སྟོར་བ། གྲོན་ཆུང་ངང་ཞིང་ཆུ་གཏོང་བ། ཤུགས་ཚད་དང་ནུས་པ་ཆེ་བའི་ཞིང་འཕྲུལ་སྒྲིག་ཆས་དཔེ་སྟོན་ཁྱབ་གདལ་བཏང་ནས་ཞིང་ལས་ཐོན་སྐྱེད་ཆུང་ངུ་དང་རི་མ་ཐང་གི་ཞིང་ལས་འཕྲུལ་ཆས་ཆུང་འབྲིང་དང་འཕྲུལ་ཆས་ཅན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱིས་ཁྱབ་གདལ་འོས་འཚམ་གཏོང་རྒྱུ། གསུམ་ནས་འགྲན་སྟོབས་མེད་པའི་རྣམ་གྲངས་དང་ཞན་ཆར་དམིགས་ཏེ་ཞིང་ལས་འཕྲུལ་ཆས་གསར་གཏོད་དང་ཐོན་ལས་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུ། ཁེ་ལས་ཆེ་གྲས་ལེ་ལག་ཚང་བའི་སྒྲིག་ཆས་གཅིག་སྡུད་ཕྱོགས་སུ་འགྱུར་རྒྱུར་ལྕག་སྐུལ་གཏོང་རྒྱུ། དཔལ་འབྱོར་ལོ་ཏོག་གཙོ་བོའི་ཉམས་ཞན་ལྷུ་ཚིགས་དང“འཕྲུལ་ཡོད་བེད་མེད”ཀྱི་གནད་དོན་དུས་ཚོད་དམ་འཛིན་ངང་ཐག་གཅོད་བྱ་རྒྱུ། ཞིང་ལས་འཕྲུལ་ཆས་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ། “ཁེ་ལས་དང་། མཉམ་ལས་ཁང་། རྟེན་གཞི་བཅས་ཟུང་དུ་སྦྲེལ་བའི”ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུ། བཞི་ནས་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་རྨང་གཞི་དང་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ས་ཁྱོན་ཆུང་བའི་ཞིང་ཁ་ཟླ་སྒྲིལ་བཏང་ནས་ཆེན་པོ་བཟོ་བ་དང་། ཞིང་ཁ་ཐུང་བ་ཟླ་སྒྲིལ་ནས་རིང་དུ་གཏོང་བ། གུག་མང་བ་འདྲོང་པོར་སྲོང་བ། མཉམ་འབྲེལ་མཉམ་མཐུད་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས་རི་མ་ཐང་གི་ཞིང་ནང་དང་མུ་ཁ“འཕྲུལ་ཆས་ཅན་དུ་འགྱུར་རྒྱུའི”སྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་རྒྱུ། ལྔ་ནས་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་དུ་འགྱུར་རྒྱུའི་ཞབས་ཞུ་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཞིང་ལས་འཕྲུལ་ཆས་ཀྱི་ཆེད་ལས་དུད་ཚང་དང་མཉམ་ལས་ཁང་སོགས་སྐྱེད་སྲིང་བྱས་ནས་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུའི་བྱེད་པོས་ཁྱིམ་ཚང་གི་ཞིང་ར་དང་། འདེབས་འཛུགས་དུད་ཆེན། ཞིང་ལས་ཁེ་ལས་སོགས་དང་འཕྲུལ་ཆས་མཉམ་སྤྱོད་ངང་ཐོན་སྐྱེད་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུར་ལྕག་སྐུལ་གཏོང་རྒྱུ། “དྲ་སྦྲེལ་དང་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་ཟུང་དུ་སྦྲེལ་རྒྱུར”སྐུལ་མ་བཏང་ནས་རིག་ནུས་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་བཅས་རེད།

རྩོམ་སྒྲིག་པ།