ཁོར་ཡུག་གི་ཚད་གཞི་མ་ལོན་པའི་རྫོང་གི་འགོ་ཁྲིད་ལ་སྐོང་འདྲི་བྱས་པ།

ཡོང་ཁུངས། སྙིང་ལྕགས སྤེལ་དུས 2016-11-01 12:06:52

    ཉེ་ཆར། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་2015ལོའི་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ཚད་གཞི་མ་ལོན་པའི་ལྷུན་གྲུབ་རྫོང་དང་། བསམ་གྲུབ་རྩེ་ཆུས། སྦྲ་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས་པ་རེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། སྤྱི་བདེ་ཐིང་། ལྟ་ཞིབ་ཐིང་། ནོར་སྲིད་ཐིང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང། ཆུ་བེད་ཐིང་། ཞིང་འབྲོག་ཐིང་། ནགས་ལས་ཐིང་བཅས་དང་། དེ་བཞིན་ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་ས་ཁུལ(གྲོང་ཁྱེར)གསུམ་གྱི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་། དེ་གནས་ཡུལ་དང་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་སྐོང་འདྲིའི་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་རྫོང(ཆུས)གསུམ་གྱི་མི་དམངས་སྲིད་གཞུང་གི་2015ལོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ལྷག་པའི་མངོན་གསལ་དོད་པོའི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ་གསལ་སྟོན་ཡང་བྱས་པ་རེད། སྐོང་འདྲི་བྱ་ཡུལ་རྫོང(ཆུས)མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཁྲོད་ལྷག་པའི་མི་འདང་བའི་ཆར་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ནས་བསླབ་བྱ་དང་ལེན་དང་། སྔོན་ཐོན་ལ་སློབ་སྦྱོང་། ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དག་ཐེར་ལས་དོན་མཐར་ཕྱིན་པ་བསྒྲུབ་རྒྱུའི་དམ་བཅའ་བཞག་པ་རེད།
ཚོགས་འདུའི་ཐོག་གཅིག་ནས་འདུ་ཤེས་ལེགས་སུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་གསལ་ཤེས་ཐུབ་ཚད་མཐོ་རུ་གཏོང་བ་དང་། གཉིས་ནས་གནད་དོན་ལ་མཐོང་ཆེན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཁོར་ཡུག་གནད་དོན་དག་ཐེར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ། གསུམ་ནས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
སྐོང་འདྲི་བྱས་པ་བརྒྱུད། ས་གནས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྤུས་ཚད་ལ་སྤྱིའི་འགན་འཁུར་བའི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྔར་བས་ཁ་གསལ་དུ་ཕྱིན་ནས། ས་གནས་སྲིད་གཞུང་གི་ཁོར་ཡུག་དམིགས་ཚད་དང་བཅོས་སྒྲིག་ལས་འགན་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། བྱ་ཐབས་ནུས་ལྡན་སྤྱོད་པ་དང་དག་ཐེར་ལས་དོན་དོན་འཁྱོལ་བྱ་རྒྱུ་དེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

རྩོམ་སྒྲིག་པ། སྙིང་ལྕགས