དགའ་བསུ་ཞུ་ཕེབས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་དཔལ་འབྱོར་ཆ་འཕྲིན

རང་ལྗོངས་ཀྱིས་ཐོན་སྐྱེད་བདེ་འཇཌ་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་སོཌ་ལ་ཞིབ་འཇུག་གནང་བ།

སྤེལ་དུས :2017-05-16 16:16:35
རྩོམ་སྒྲིག་པ།:admin

སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  རང་སྐྱོང་ལྗོངས་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།  རང་ལྗོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་དང་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་བསམ་འཆར།  ས་བབ་མཐོ་བའི་ས་ཁུལ་གྱི་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་པའི་བྱ་དགའི་ཁ་གསབ་བྱ་ཐབས་སོགས་ཐད་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་བདེ་འཇགས་དམ་འཛིན་བྱེད་རྒྱུ་ནི་གོང་འཕེལ་དང་བརྟན་ལྷིང་དམ་འཛིན་བྱེད་རྒྱུ་དེ་ཡིན་པས་བསམ་བློ་བརྟན་པོ་འཛུགས་པ་དང་།  ས་གནས་ཏང་ཨུད་དང་སྲིད་གཞུང་དབུ་ཁྲིད་ཀྱི་ས་ཁོངས་འགན་འཁྲི་ཁ་གསལ་བཟོ་བ།  ཚན་པའི་ལྟ་སྐུལ་དོ་དམ་འགན་འཁྲི་ཁ་གསལ་བཟོ་བ།  ཁེ་ལས་ཀྱི་གཙོ་རྐང་འགན་འཁྲི་ཆེ་རུ་གཏོང་བ་བཅས་བྱེད་པ་དང་།  ཚན་པ་ཁག་དང་ལས་རིགས་ཁག་ཞུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་བཤེར་བྱེད་པ།  ཆེད་ལས་ཤེས་ལྡན་པའི་དཔུང་ཁག་ལ་བརྟེན་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་བཅས་བྱས་ཏེ།  རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་ཆེད་བདེ་འཇགས་དང་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་བྱས་པ་རེད།  

ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་ཚད་ལྡན་རང་བཞིན་དང་མཛུབ་ཁྲིད་རང་བཞིན།  ཕུགས་ཕན་རང་བཞིན་བཅས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྤྱི་ཚོགས་འགན་སྲུང་དང་ནོར་ཁྲལ།  དངུལ་རྩ་སོགས་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་བྱ་ཐབས་གང་མགྱོགས་ལེགས་བཅོས་བྱས་ནས།  སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་བཏང་ཏེ།  སློབ་ཆེན་ཐོན་པའི་སློབ་མ་བློ་བདེ་པོའི་ངང་ལས་ཞུགས་ལས་གཏོད་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།  

ཚོགས་འདུའི་ཐོག་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་༼ གྲོང་རྡལ ༽འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་པའི་དམིགས་བསལ་ལས་གནས་ཀྱི་བྱ་དགའི་ཁ་གསབ་ནི།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་༼ གྲོང་རྡལ ༽འཕྲོད་བསྟེན་ཁང་གི་སྨན་པ་དང་སྨན་དཀོན་པའི་ཆད་རྒྱུན་གསབ་རྒྱུ་དང་།  སྨན་བཅོས་ཤེས་ལྡན་པས་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་༼ གྲོང་རྡལ ༽འཕྲོད་བསྟེན་ལས་ཀར་ཞབས་ཞུ་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས།  འབྲེལ་ཡོད་ཚན་པ་ཁག་གིས་ཚོད་ལྟ་ལག་བསྟར་གྱི་ཞིབ་སྲོལ་འཛུག་པ་དང་།  བྱ་ཐབས་སྔར་བས་འཐུས་ཚང་བཟོས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་༼ གྲོང་རྡལ ༽འཕྲོད་བསྟེན་ཁང་གི་ཤེས་ལྡན་པའི་དཔུང་ཁག་བརྟན་པོ་ཡོང་བ་བྱས་ཏེ།  གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་མཛུབ་སྟོན་བྱས་པ་རེད།  

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་གྲོང་གསེབ་དཔལ་འབྱོར་གོང་འཕེལ་འཆར་འགོད་ཞེས་པ་དང་།  མངའ་རིས་ཀྱི ༢༠༠༨ ལོ་ནས ༢༠༢༠ ལོའི་བར་གྱི་གྲོང་ཁྱེར་སྤྱི་ཁོགས་འཆར་འགོད་ཀྱི་ལེགས་སྒྲིག་ཇུས་གཞི་ཞེས་པར་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་ད་དུང་དེ་མིན་གྱི་བྱ་བར་ཞིབ་འཇུག་བྱས་པ་རེད།།


ཡོང་ཁུངས།:xznjw